ད་ལོར་རྒྱ་གར་ནས་གངས་རིན་པོ་ཆེར་གནས་སྐོར་དུ་བསྐྱོད་ཁག་པའི་གནས་སུ་ཡོད་འདུག
2020.04.29
ཏོག་དབྱིབས་ནད་འབུ་གསར་པའི་ནད་ཡམས་ཀྱི་རྐྱེན་པས་ད་ལོར་གངས་རིན་པོ་ཆེའི་ཁུལ་དུ་གནས་མཇལ་གྱི་ལས་དོན་སྒོ་ཕྱེ་རྒྱུ་དཀའ་བའི་གནས་སུ་ཡོད་པ་རེད་འདུག
རྒྱ་གར་ནང་གི་གངས་རིན་པོ་ཆེ་གནས་སྐོར་གོ་སྒྲིག་ཚོགས་ཆུང་གིས་འདི་ཚེས་༢༩་རེས་གཟའ་ལྷག་པའི་ཉིན་གནས་ཚུལ་ཕྱི་བསྒྲགས་གནང་བའི་ནང་། རྒྱ་གར་ནས་བོད་ནང་ཡོད་པའི་གངས་རིན་པོ་ཆེའི་ཁུལ་དུ་གནས་སྐོར་ཕེབས་སའི་བརྒྱུད་ལམ་གཉིས་ཡོད་པ་ནི། རྒྱ་གར་བྱང་ཤར་(Uttarakhand)་བརྒྱུད་ནས་(Lipulekh)་ལ་དང་། དེ་བཞིན་སྒང་ཏོག་བརྒྱུད་ནས་རྣ་ཐོད་ལ་གཉིས་ཡོད་པ་རེད། ཡིན་ན་ཡང་རྒྱ་གར་བྱང་ཤར་མངའ་ཁུལ་དུ་ཏོག་དབྱིབས་ནད་འབུ་གསར་པའི་ནད་ཡམས་ཁྱབ་གདལ་གྱི་རྐྱེན་པས་རྒྱ་གར་བྱང་ཤར་ཁུལ་ནས་བོད་ནང་གངས་རིན་པོ་ཆེའི་ཁུལ་དུ་གནས་སྐོར་བསྐྱོད་རྒྱུར་གོ་སྒྲིག་བྱེད་གཏན་མ་འཁེལ་བར་ཡོད་པ་དང་། ཁོང་ཚོར་གནས་སྐོར་གོ་སྒྲིག་བྱེད་རྒྱུའི་དུས་ཚོད་གདེང་ངེས་མེད་པ་བརྗོད་འདུག
ཡང་(KMVM)་འབྲེལ་ཡོད་གནས་སྐོར་ཚན་པས་གཞུང་འབྲེལ་གསལ་བསྒྲགས་ཞིག་སྤེལ་བའི་ནང་། རྒྱ་གར་བྱང་ཤར་(Uttarakhand)་བརྒྱུད་ཀྱི་གནས་སྐོར་འགྲོ་ལམ་དུ་ཁ་བ་བབས་པ་གཙང་མ་བཟོ་རྒྱུའི་ལས་དོན་དེ་སུས་འགན་ལེན་གྱི་ཡོད་དམ་ཞེས་དང་། དེ་ཁུལ་དུ་ན་ནིང་ནས་ཁ་བ་བསྟུད་མར་བབས་པ་དང་། དེ་ཁུལ་གྱི་ཁ་བ་གཙང་མ་བཟོ་རྒྱུར་ཉུང་མཐར་ཡང་ཉིན་མཚན་བཞི་བཅུ་ཙམ་འགོར་གྱི་ཡོད་པ་སོགས་གསལ་སྟོན་གནང་འདུག
གངས་རིན་པོ་ཆེ་ནི་རྒྱ་ནག་གིས་ཆ་བགོས་བྱས་བའི་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་མངའ་ཁོངས་སུ་ཡོད་ཅིང་། རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་སྨི་༦༦༥༦་ཡོད། རི་རྩེ་ནི་དུས་ཚིགས་བཞི་པོར་གངས་ཀྱིས་ཁེངས་ཡོད་པ་རེད། གངས་རིན་པོ་ཆེ་ནི་བོད་བརྒྱུད་ནང་བསྟན་དང་། ཧིན་རྡུའི་ཆོས་ལུགས། བོན་པོའི་ཆོས་ལུགས། གཤའ་མའི་ཆོས་ལུགས་བཅས་ཀྱི་གནས་ཆེན་དུ་བརྩི་ལ། ལོ་ལྟར་དད་ལྡན་པ་མང་པོ་གནས་བསྐོར་དང་གངས་སྐོར་དུ་ཡོང་སྲོལ་ཡོད།