ཨ་རིའི་ཕྱི་སྲིད་ལྷན་ཁང་དུ་བོད་ཀྱི་ལོ་གསར་སྲུང་བརྩི་གནང་རྒྱུ།
2016.02.09
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་John Kerryམཆོག་གིས་ལོ་གསར་ལ་འཚམས་འདྲི་གནང་བ།
དེ་ཡང་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་John Kerryམཆོག་གིས་ལོ་གསར་ལ་འཚམས་འདྲི་གནང་བའི་ནང། ཨ་རིའི་སྲིད་འཛིན་Obamaམཆོག་དང་། ཨ་མི་རི་ཀའི་རྒྱ་ཆེའི་མི་མང་གི་ཚབ་ཞུས་ཏེ། ངོས་ནས་ལོ་གསར་གཏོང་གནང་མཁན་ཧི་མ་ལ་ཡའི་མངའ་ཁུལ་གྱི་མི་དམངས་ཡོངས་ལ་དགུང་གསར་སྤྲོ་པོ་ཡོང་བའི་འཚམས་འདྲི་ཞུ་རྒྱུ་དང། འབྲུག་པ་དང་། བལ་པོ། རྒྱ་གར། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཁོངས་གཏོགས་ཀྱི་བོད་པའི་ས་ཁུལ་ཐེ་པའི་ཧི་མ་ལ་ཡའི་མངའ་ཁུལ་གྱི་མི་མང་ཚོའི་རྒྱལ་རབ་དང་། ཉམས་འགྱུར་ལྡན་པའི་རིག་གཞུང་ལ་ཨ་མི་རི་ཀས་རྟེན་འབྲེལ་ཞུ་བཞིན་ཡོད་ཅེས་དང་། ཁྱེད་རྣམ་པའི་གླུ་གར་དང་བརྙན་རྩོམ། རིག་གནས་ཕུན་སུམ་ཚོགས་པའི་རིག་གཞུང་གི་གཅེས་ནོར་བཟང་པོས་འགྲོ་བ་མི་ཡོངས་ལ་ཕན་ཐོག་ཆེན་པོ་འབྱུང་བཞིན་པར་བརྟེན། ནང་མི་དང་སྤུན་མཆེད་མཉམ་ལོ་གསར་གྱི་དགའ་སྟོན་གནང་བཞིན་པའི་སྐབས་འདིར་ཨ་མི་རི་ཀས་ཀྱང་མཉམ་དུ་གྲོགས་པོ་བཟང་པོའི་འདུ་ཤེས་ཐོག་ནས་ལོ་གསར་སྲུང་བརྩིའི་དགའ་སྟོན་ཞུ་རྒྱུ་ཡིན་ཅེས་ཨ་རིའི་ཕྱི་སྲིད་དྲུང་ཆེ་John Kerryམཆོག་གིས་གསུངས་པ་དང་ཆབས་ཅིག་མཐའ་དོན་དུ་ལོ་གསར་པའི་ནང་ཚང་མར་བདེ་སྐྱིད་དང་། ཞི་བདེ་ལམ་ལྷོང་ཡོང་བའི་སྨོན་འདུན་ཡང་གནང་འདུག
ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་ཨ་རིའི་ནང་ཡོད་པའི་རྒྱལ་ཁབ་འདྲ་མིན་གྱི་མི་རིགས་ཚོའི་ལོ་གསར་ལ་རྟེན་འབྲེལ་གནང་གི་ཡོད་པ་ལྟར། སྔ་ལོ་༢༠༡༥ལོར་ཨ་རིའི་ཕྱི་སྲིད་ལྷན་ཁང་ནང་བོད་པའི་ལོ་གསར་སྲུང་བརྩི་ཐེངས་དང་པོ་དེ་གནང་ཡོད་པ་དང་། འདི་ཚེས་༡༨ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་དུ་ལོ་འདིའི་བོད་པའི་ལོ་གསར་བསྐྱར་དུ་སྲུང་བརྩི་གནང་རྒྱུ་ཡིན་པ་རེད།
གསར་འགོད་པ་རིག་ལྡན་སྒྲོལ་མ།