རྡོ་རྗེ་གླིང་དུ་ལས་དོན་མཚམས་འཇོག་དགོས་པའི་གསལ་བསྒྲགས།
2009.07.12
༄༅༎རྒྱ་གར་གྱི་བྱང་ཤར་རྡོ་རྗེ་གླིང་ཁུལ་དུ་རེས་གཟའ་ཟླ་བ་ནས་བཟུང་དུས་ཚོད་ངེས་མེད་བར་ལས་དོན་ཡོངས་རྫོགས་མཚམས་འཇོག་བྱེད་དགོས་ལུགས་གོར་ཁ་ཇ་ན་མུཀ་ཊི་མོར་ཆ་ཞེས་པའི་ས་གནས་སྲིད་དོན་ཚོགས་པ་ཞིག་གིས་གསལ་བསྒྲགས་བྱས་འདུག
ད་ལམ་དུས་ཚོད་ངེས་མེད་བར་མཚམས་འཇོག་དགོས་པའི་གསལ་བསྒྲགས་བྱེད་དགོས་དོན་ནི་པཱ་ནི་ག་ཊ་ཞེས་པའི་ས་གནས་ཞིག་ཏུ་གོར་ཁ་རང་བཙན་འཐབ་རྩོད་པའི་ལས་འགུལ་ཞིག་སྤེལ་སྐབས་ས་གནས་ཉེན་རྟོག་པས་དྲག་གནོན་བྱས་པར་ངོ་རྒོལ་མཚོན་ཆེད་རྡོ་རྗེ་གླིང་ཁུལ་དུ་ལས་མཚམས་བཞག་སྟེ་ངོ་རྒོལ་བརྡ་ཁྱབ་བྱས་ལུགས་འགྲེལ་བརྗོད་བྱས་ཡོད་པ་རེད། རྩ་བའི་གོར་ཁ་ཇ་ན་མུཀ་ཏི་མོར་ཆ་ཞེས་པས་བལ་པོའི་སྐད་ཡིག་བེད་སྤྱོད་བྱེད་མཁན་གོར་ཁ་མི་རིགས་རྣམས་ལ་ཟུར་དུ་མངའ་སྡེ་ཞིག་གསར་བཟོ་བྱེད་དགོས་པའི་དགོས་འདུན་བཏོན་གྱི་ཡོད་པ་རེད། ད་ལམ་གྱི་ངོ་རྒོལ་ལས་འགུལ་གྱི་དགོས་འདུན་གཙོ་བོ་ནི་ཚོགས་པའི་ལས་འགུལ་ནང་བཞུགས་མཁན་མི་གྲངས་བཅུ་བཞི་ཉེན་རྟོག་པས་འཛིན་བཟུང་བྱས་པ་རྣམས་གློད་འགྲོལ་གཏོང་དགོས་པ་མ་ཟད་མངའ་སྡེའི་ཉེན་རྟོག་སྤྱི་ཁྱབ་པ་དང་སྤྱི་ཁྱབ་པ་ལས་འཕར་བཅས་པ་རྩ་དགོངས་གཏོང་དགོས་པའི་དགོས་འདུན་བཏོན་གྱི་ཡོད་པ་རེད། ཡང་གོར་ཁ་ཇ་ན་མུཀ་ཏི་མོར་ཆ་ཞེས་པས་གསལ་བསྒྲགས་དེའི་ནང་རྡོ་རྗེ་གླིང་ཁུལ་དུ་ཕྱི་ནས་སློབ་གཉེར་བྱེད་དུ་ཡོང་བའི་སློབ་ཕྲུག་ཚོ་དང་ས་གནས་ཡུལ་མི་མིན་པའི་ཡུལ་སྐོར་སྤྲོ་འཆམ་པ་སོགས་རེས་གཟའ་ཟླ་བའི་ཉིན་དགུང་ནང་ཚུད་རྡོ་རྗེ་གླིང་ནས་ཕྱིར་ཐོན་ཟིན་པ་དགོས་ལུགས་བཀོད་ཡོད་པ་རེད། ཕྱི་མི་ཡོངས་རྫོགས་ཕྱིར་ལོག་དགོས་པའི་བརྡ་ཁྱབ་བྱེད་དོན་ནི་གོར་ཁ་ཇ་ན་མུཀ་ཏི་མོར་ཆ་ཞེས་པས་བཏོན་པའི་དགོས་འདུན་ཡོངས་རྫོགས་མ་འགྲུབ་པར་དུས་ཚོད་ངེས་མེད་ཀྱི་ལས་དོན་མཚམས་འཇོག་ངོ་རྒོལ་མུ་མཐུད་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ལུགས་གསལ་བཤད་བྱས་ཡོད་པ་རེད༎