ཉི་ཧོང་དཔོན་རིགས་ཚོས་༸གོང་ས་མཆོག་མཇལ་འཆར་མེད་སྐོར།
2009.10.07
༄༅༎ཉི་ཧོང་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་གནང་རྒྱུ་མིན་ལུགས་ཉི་ཧོང་ཕྱི་སྲིད་ལས་ཁང་ནས་དེ་རིང་གསུངས་ཡོད་པ་རེད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་སུམ་ཅུ་ནས་ཉིན་བཅུའི་རིང་ཉི་ཧོང་ནང་ཆིབས་བསྒྱུར་བཀྲིན་བསྐྱང་གནང་རྒྱུ་དང་དུས་ཡུན་དེའི་རིང་གཙོ་བོ་ཉི་ཧོང་མི་མང་ཚོའི་ཁྲོད་བཀའ་སློབ་བཀྲིན་བསྐྱང་གནང་རྒྱུ་ཡིན་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉིན་བཅུའི་རིང་ཉི་ཧོང་ནང་ཆིབས་བསྒྱུར་གནང་རྒྱུའི་རིང་ཉི་ཧོང་གི་སྲིད་བློན་ཡུ་ཀི་ཡོ་ཧ་ཏོ་ཡ་མ་ཡིས་གཞུང་འཛིན་གནང་བའི་བློན་ཆེན་ལ་སོགས་པའི་གཞུང་འབྲེལ་དཔོན་རིགས་མི་སྣ་སུ་འདྲ་ཞིག་དང་མཇལ་འཕྲད་གནང་འཆར་མེད་པ་རེད་ཅེས་གསར་འགོད་པའི་འདྲི་བར་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་མཆོག་གིས་བཀའ་ལན་གནང་ཡོད་པ་རེད།
ཡུ་ཀི་ཡོ་ཧ་ཏོ་ཡ་མ་ནི་ཟླ་བ་སྔོན་མ་ཉི་ཧོང་གི་སྲིད་བློན་དུ་འོས་འདེམས་བྱུང་བ་དང་ཁོང་ནི་རྒྱ་ནག་མཉམ་དུ་འབྲེལ་བ་དམ་ཟབ་བྱེད་མཁན་ཞིག་ཡིན་པ་རེད། ཡིན་ནའང་ཉི་ཧོང་ངོས་ནས་རྒྱ་ནག་མཉམ་དུ་འབྲེལ་བ་དམ་ཟབ་བཞག་ནས་༸གོང་ས་མཆོག་དང་མཇལ་འཕྲད་གནང་གི་མེད་ཀྱང་དེ་མིན་གྱི་ཕྱིའི་རྒྱལ་ཁབ་མང་པོས་༸གོང་ས་མཆོག་ལ་དད་གུས་ཆེན་པོ་ཞུས་གནང་གི་ཡོད་པ་བཅས་ཀྱི་གནས་ཚུལ་བཀོད་འདུག