ཨི་སི་རའེལ་གྱིས་གའ་ཛའི་ཐོག་ས་ཐོག་ནས་དྲག་རྒོལ་འགོ་བཙུཌ།

ཨི་སི་རའེལ་གྱིས་པེ་ལེསི་ཊིན་གྱི་གའ་ཛའི་ཐོག་གནམ་ཐོག་ནས་དྲག་རྒོལ་བྱས་རྗེས་ད་ཆ་ས་ཐོག་ནས་དྲག་རྒོལ་འགོ་འཛུགས་བྱས་པར་སྐྱོན་བརྗོད།

2009.01.04

༄༅༎ཨི་སི་རའེལ་གྱིས་འདས་པའི་ཉིན་བརྒྱད་རིང་པེ་ལེསི་ཊིན་གྱི་གའ་ཛའི་ཐོག་གནམ་ཐོག་ནས་དྲག་རྒོལ་བྱས་པའི་རྗེས་སུ་ད་ཆ་ས་ཐོག་ནས་དྲག་རྒོལ་འགོ་འཛུགས་བྱས་པ་དེར་ཕྱོགས་གང་ས་ནས་བློ་འཚབ་ངང་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག

རེས་གཟའ་སྤེན་པའི་ཕྱི་དྲོ་ནས་ས་ཐོག་གི་དྲག་རྒོལ་འགོ་བཙུགས་ནས་ད་བར་པེ་ལིསི་ཊིན་གྱི་ཡུལ་མི་ཉི་ཤུ་རྩ་གསུམ་རྐྱེན་ལམ་དུ་བཏང་ཡོད་འདུག དེ་དག་ནས་ལྔ་ཧ་མ་སེ་འཐབ་རྩོད་པ་གསུམ་མ་གཏོགས་དེ་བྱིངས་ཚང་མ་ཞི་བའི་ཡུལ་མི་ཡིན་ལུགས་ས་གནས་ཀྱི་འཕྲོད་བསྟེན་དང་སྨན་པ་ཚོས་འགྲེལ་བརྗོད་བྱས་འདུག རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་གཉིས་ཀར་མེ་འཕེན་མཚམས་འཇོག་དགོས་པའི་འབོད་སྐུལ་ལ་བརྩི་འཇོག་མ་བྱས་པ་མ་ཟད་ད་ཆ་ས་ཐོག་ནས་དྲག་རྒོལ་འགོ་འཛུགས་བྱས་པ་དེར་ཕྱོགས་གང་ས་ནས་བློ་འཚབ་ངང་སྐྱོན་བརྗོད་ཡོང་བཞིན་པ་རེད། དབྱིན་ཇིའི་སྲིད་བློན་གོར་ཌེན་སྦ་རའོན་མཆོག་གིས་ཨི་སི་རའེལ་གྱིས་གའ་ཛའི་ཐོག་ས་ཐོག་ནས་དྲག་རྒོལ་བྱས་པ་དེ་ནི་ཧ་ཅང་ཉེན་ཁ་ཆེན་པོ་ཡིན་པས་རྒྱལ་སྤྱིའི་ཐོག་ནས་མེ་འཕེན་མཚམས་འཇོག་འཕྲད་དུ་དགོས་པའི་ཤུགས་རྐྱེན་འཕར་མ་སྤྲོད་དགོས་པའི་འབོད་བསྐུལ་གནང་འདུག རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཆིན་ཀང་གིས་རྒྱ་ནག་གཞུང་གིས་གའ་ཛའི་ནང་གནས་ཚུལ་ཛ་དྲག་ཆགས་བཞིན་པ་དེར་བློ་འཚབ་ཀྱི་རང་བཞིན་གྱུར་ཡོད་པས་ཕྱོགས་གཉིས་ཀས་དམག་འཐབ་མཚམས་འཇོག་གིས་མི་བསོད་ཁྲག་སྦྱོར་གྱི་དཀའ་སྡུག་སྔོན་འགོག་དགོས་པའི་སྐུལ་དེད་གནང་འདུག ཨི་ཇིཕ་ཊིའི་གཞུང་གིས་གའ་ཛའི་ནང་ས་ཐོག་ནས་བཙན་རྒོལ་གྱི་བྱ་སྤྱོད་འཕྲལ་མར་ཆ་རྐྱེན་གང་ཡང་མེད་པར་མཚམས་འཇོག་གིས་བཙན་རྒོལ་གྱི་དཔུང་དམག་འཕྲལ་དུ་ཕྱིར་འཐེན་དགོས་ལུགས་མཉམ་སྦྲེལ་རྒྱལ་ཚོགས་གཙོས་པའི་ཐད་ཀར་འབྲེལ་བ་ཡོད་པའི་སྒྲིག་འཛུགས་ཀྱིས་འགན་འཁུར་བཞེས་པའི་འབོད་བསྐུལ་གནང་འདུག ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཤོན་མེཀ་ཀོར་མེཀ་ཡིས་དྲག་རྒོལ་ནང་ཞི་བའི་མི་མང་མ་ཚུད་པའི་ཉེན་ཁ་ཡོད་པས་དེ་ལྟར་མ་ཡོང་བའི་བསམ་ཤེས་དགོས་དང་རྩ་བའི་དོན་རྐྱེན་འདིའི་འབྱུང་ཁུངས་ཧ་མ་སེ་ཡི་བྱ་སྤྱོད་ལ་རག་ལུས་ཡོད་སྐོར་གསུངས་གནང་འདུག མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སྦན་ཀུ་མུན་མཆོག་གིས་ཨི་སེ་རའེལ་གྱི་སྲིད་བློན་ཨེ་འུརྡ་ཨོལ་མརཊི་མཆོག་ལ་ཞལ་དཔར་ཐོག་དྲག་པོའི་བཙན་རྒོལ་བྱེད་བཞིན་པ་དེར་བློ་འཐབ་ངང་སྐྱོན་བརྗོད་གནང་བ་དང་སྦྲགས་ཞི་བའི་མི་མང་སྲུང་སྐྱོབ་དང་སྐྱོབ་གསོ་དུས་ཐོག་མཁོ་སྤྲོད་དགོས་གལ་དང་ཕྱོགས་ཚང་མས་དྲག་ལས་གང་མགྱོགས་མཚམས་འཇོག་དགོས་པའི་སྐུལ་དེད་ནན་པོ་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎