རྒྱ་ནག་གི་ཉེན་རྟོག་པས་མཚོ་སྔོན་ཕྱོགས་ཀྱི་མི་མང་པོའི་མིག་སྐྱི་རིགས་རྫས་བསྡུ་ལེན་བྱས་ཡོད་འདུག

2022.12.16
རྒྱ་ནག་གི་ཉེན་རྟོག་པས་མཚོ་སྔོན་ཕྱོགས་ཀྱི་མི་མང་པོའི་མིག་སྐྱི་རིགས་རྫས་བསྡུ་ལེན་བྱས་ཡོད་འདུག མཚོ་བྱང་ཕྱོགས་སུ་མིག་སྐྱི་བརྟག་དཔྱད་བྱེད་བཞིན་པ། ༠༨།༢༠༢༢
མཚོ་བྱང་ཉེན་རྟོག་དྲྭ་བ།

རྒྱ་ནག་གཞུང་གི་ཉེན་རྟོག་པ་ཚོས་བོད་ཤར་ཕྱོགས་མདོ་སྨད་མཚོ་སྔོན་ཞིང་ཆེན་མངའ་ཁུལ་གྱི་མི་མང་གི་མིག་སྐྱི་འམ་དབྱིན་སྐད་ཐོག་(iris)་ཞེས་པ་བརྟག་དཔྱད་བྱེད་ཞོར་མིག་སྐྱི་རིགས་རྫས་བསྡུ་རུབ་བྱེད་བཞིན་པ་༢༠༢༠ལོའི་ཕྱི་ཟླ་གཉིས་པའི་ནང་(Bitter Winter)་ཞེས་པའི་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་ཡོད་པ་དེའི་ཐད། ཁེ་ཎ་ཌའི་ཊོ་རོན་ཊོ་གཙུག་ལག་སློབ་ཆེན་གྱི་ཁྱབ་ཁོངས་(CitizenLab)་ཡིས་གནས་ཚུལ་འཕར་མ་གསར་རྙེད་ར་སྤྲོད་བྱུང་ཡོད་པ་ཉམས་ཞིབ་པ་(Emile Dirks)་ལགས་ཀྱིས་ཕྱི་ཟླ་༡༢བའི་ཚེས་༡༥ཉིན་གནས་ཚུལ་སྤེལ་འདུག
གནས་ཚུལ་ནང་། བོད་མདོ་སྨད་མཚོ་སྔོན་ཞིང་ཆེན་མངའ་ཁུལ་གྱི་རྒྱ་ནག་གི་ཉེན་རྟོག་པ་ཚོས། མཚོ་ཤར་ཁུལ་གྱི་མངའ་ཁོངས་མི་མང་ཚོའི་མིག་སྐྱི་ངེས་བར་དུ་བརྟག་དཔྱད་བྱེད་དགོས་ཚུལ་བཤད་ནས་མི་མང་གི་མིག་སྐྱི་རིགས་རྫས་གནས་ཚུལ་བསྡུ་རུབ་བྱ་རྒྱུའི་ལས་གཞི་སྤེལ་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག
ཡང་(Bitter Winter)་ཞེས་པའི་ཚགས་པར་གྱིས་དེ་སྔ་གནས་ཚུལ་ཐེངས་འགའ་ཤས་འདོན་སྤེལ་བྱས་པའི་སྙན་ཐོ་ཁག་གི་ཐོག་བདེན་དཔང་ར་སྤྲོད་འཕར་མ་བྱུང་གསལ་ལྟར་ན། རྒྱ་ནག་གི་ཉེན་རྟོག་པ་ཚོས་མི་མང་གི་མིག་བརྟག་དཔྱད་ཀྱིས་མིག་སྐྱི་རིགས་རྫས་གནས་ཚུལ་བསྡུ་རུབ་བྱེད་བཞིན་པའི་མཚོ་ཤར་ཁུལ་གྱི་མི་འབོར་བརྒྱ་ཆ་༤༩དང་གྲངས་ཆུང་བཞི་ལྷག་བོད་མི་དང་(Hui)་ཁ་ཆེའི་མི་རིགས་ཡིན་འདུག་ལ། ཡང་སྙན་ཐོ་དེའི་ནང་གནས་ཚུལ་ཞིབ་ཕྲ་བཀོད་པའི་ནང་། མི་མང་ཚོའི་མིག་སྐྱི་བརྟག་དཔྱད་བྱས་པའི་ལས་གཞི་སྤེལ་རིམ་ཁག་ལ་བལྟས་ན། གཙོ་བོ་མཚོ་སྔོན་ཞིང་ཆེན་མངའ་ཁུལ་མཚོ་ཤར་དང་། མཚོ་བྱང་། སྐྱེ་རྒུ་མདོ་གསུམ་ནང་ལས་གཞི་དེ་སྤེལ་ཡོད་པ་དང་། དེའི་ནང་ཉེན་རྟོག་པས་གནས་ཚུལ་བསྡུ་རུབ་གང་འདྲ་བྱས་ཡོད་མེད་ཀྱི་གནས་ཚུལ་རེའུ་མིག་ཁག་དང་། རྒྱ་ནག་གཞུང་གིས་མི་མང་ཐོག་ལྟ་སྲུང་ནན་པོ་བྱེད་མཁན་གྱི་ཁེ་གཉེར་ལས་ཁང་(Super Red)་ཞེས་པ་འབྲེལ་ནས་མི་མང་ག་ཚོད་ཀྱི་མིག་སྐྱི་བརྟག་དཔྱད་བྱས་ནས་གནས་ཚུལ་བསྡུ་རུབ་བྱས་ཡོད་མེད་སོགས་ཀྱི་ར་སྤྲོད་དཔང་རྟགས་ཁག་ཀྱང་ཐེར་འདོན་བྱས་འདུག
ཁོང་ཚོར་ཡོངས་གྲགས་གནས་ཚུལ་ཡོང་ཁུངས་༡༨༩ཡོད་པའི་ཁོངས་ནས་༥༣གྱིས་མི་གྲངས་ག་ཚོད་ཀྱི་མིག་སྐྱི་རྒྱ་ནག་གི་ཉེན་རྟོག་པས་བརྟག་དཔྱད་བྱས་པའི་གྲངས་འབོར་བཏོན་ཡོད་ཅིང་། གནས་ཚུལ་ཡོང་ཁུངས་ཁག་༥༣ལ་གཞི་བཅོལ་ན། ཕྱི་ལོ་༢༠༡༩ལོའི་་ཟླ་༣ནས་བཟུང་ཕྱི་ལོ་༢༠༢༢་ལོའི་ཕྱི་ཟླ་༧པའི་བར་རྒྱ་ནག་ཉེན་རྟོག་པས་མི་གྲངས་༡༢༤༨༠༧༥ཙམ་༼མི་གྲངས་ས་ཡ་གཅིག་དང་འབུམ་གཉིས་ལྷག་གི་མིག་སྐྱིའི་གནས་ཚུལ་བསྡུ་རུབ་བྱས་ཡོད་པ་དང་། མི་གྲངས་ས་ཡ་གཅིག་དང་འབུམ་བཞི་ལྷག་གི་མིག་སྐྱི་བརྟག་དཔྱད་བྱས་ཡོད་འདུག
ཡང་རྒྱ་ནག་གི་ཉེན་རྟོག་པ་ཚོས་མི་མང་པོའི་མིག་སྐྱི་ལ་བརྟག་དཔྱད་བྱེད་དགོས་པའི་རྒྱུ་མཚན་མང་པོ་བཤད་ཡོད་པའི་ཁོངས་སུ། ཁྲིམས་འགལ་ནག་ཉེས་ཀྱི་བྱེད་སྒོ་ཁག་ལ་གདོང་ལེན་བྱ་རྒྱུ་དང་། གར་སོང་ཆ་མེད་དུ་གྱུར་བའི་མི་སྣ་འཚོལ་ཞིབ་བྱེད་ཆེད། དེ་བཞིན་ངོ་སྤྲོད་ལག་འཁྱེར་དུས་ཀྱི་འགྱུར་འགྲོས་དང་མཐུན་པ་གསར་བཟོ་སོགས་ཀྱི་ཆེད་དུ་ཡིན་ལུགས་བཤད་འདུག


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎