བོད་ཀྱི་སྐུ་ཚབ་དོན་གཅོད་གསར་རྙིང་གཉིས་ལ་གསོལ་སྟོན་བཤམ་པ།
2016.08.31

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་གསར་རྙིང་གཉིས་ལ་གསོལ་སྟོན་བཤམ་སྐབས་གནད་ཡོད་མི་སྣ་མང་པོ་ཕེབས་འདུག
དེ་ཡང་འདི་ག་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཊོན་ནང་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། འདི་ཚེས་༣༠་ཉིན་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་གསར་རྙིང་གཉིས་ལ་དགོང་དྲོའི་གསོལ་སྟོན་ཞིག་འདེགས་འབུལ་ཞུས་འདུག
དགོང་དྲོའི་གསོལ་སྟོན་དེའི་ཐོག་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྙིང་པ་དབུ་དཀར་ཚང་སྐལ་རྡོར་ལགས་དང་སྐུ་ཚབ་དོན་གཅོད་གསར་པ་སྤེན་པ་ཚེ་རིང་ལགས་གཉིས་ཙམ་མ་ཟད། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནས་སྐུ་ཚབ་དོན་གཅོད་ཟུར་པ་དང་བཀའ་ཟུར་བློ་བཟང་སྙན་གྲགས་མཆོག སྐུ་ཚབ་དོན་གཅོད་ཟུར་པ་དང་བོད་ཀྱི་ཐེབས་རྩེའི་འགན་འཛིན་རིན་ཆེན་དར་ལོ་ལགས། བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་མགོ་ལོག་འཇིགས་མེད་ལགས། (National Endowment for Democracy)་གྱི་གཙོ་འཛིན་མཆོག་དབུས་པའི་ཨ་རིའི་གནད་ཡོད་མི་སྣ་མང་པོ་ཆེད་ཕེབས་གནང་ཡོད་འདུག
ད་དུང་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མང་པོ་དང་། དེ་བཞིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་པ་རྣམས་ཀྱང་ཆེད་ཕེབས་གནང་འདུག༎
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།