རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་བཞུགས་སྒར་དུ་འཚོགས་རྒྱུ།
2012.06.02
༄༅༎༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བཞི་པའི་དབུ་འབྱེད་མཛད་སྒོར་ཆིབས་སྒྱུར་བསྐྱང་གཏན་འཁེལ་བ།
བཙན་བྱོལ་བོད་གཞུང་གི་དྲ་བའི་ནང་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བཞི་པ་དེ་བཞིན་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་༩ རེས་གཟའ་སྤེན་པ་ནས་ཚེས་ ༡༡ རེས་གཟའ་ཟླ་བའི་བར་ཉིན་གྲངས་གསུམ་རིང་རྡ་ས་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་ཚོགས་གཏན་འཁེལ་ཡོད་པ་དང༌། ཚོགས་ཆེན་ཐེངས་བཞི་པའི་དབུ་འབྱེད་མཛད་སྒོའི་སྐབས། ༸གོང་ས་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཆིབས་སྒྱུར་བསྐྱང་གཏན་འཁེལ་ཡོད་འདུག
དེ་བཞིན་སྐབས་དེར་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་པེ་རེམ་ཀུ་མར་དུ་མལ་མཆོག་དང་། བཀའ་ཁྲི་བློ་བཟང་སེང་གེ་མཆོག བླ་མ་ཆོས་འཕེལ་བཟོད་པ་ལགས་སོགས་འཕགས་བོད་ཀྱི་མི་སྣ་གྲགས་ཅན་ཁག་གཅིག་ལྷན་ཞུགས་གནང་རྒྱུ་ཡིན་འདུག།