རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་བལ་ཡུལ་ནང་འཚམས་གཟིགས།
2011.04.17
༄༅༎ཇ་ལ་ནཱཐ་ཁ་ནཱལ་བལ་ཡུལ་གྱི་སྲིད་བློན་དུ་འདེམས་ཐོན་བྱུང་སྟེ་ཟླ་བ་གཉིས་ཙམ་སོང་བའི་རྗེས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཨེསི་ཨེམ་ཀི་རིཤ་ན་བལ་ཡུལ་དུ་བལ་ཡུལ་རྒྱལ་ཁབ་ཀྱི་ཞི་བདེའི་འཕེལ་རིམ་དང་ཟླ་བ་རྗེས་མའི་ནང་གཏེན་འབེབས་བྱ་རྒྱུའི་འཆར་གཞི་ཡོད་པའི་རྩ་ཁྲིམས་གསར་པའི་གནད་དོན་སོགས་ཀྱི་སྐོར་ནང་དོན་དྲི་ཞིབ་གོ་བསྡུར་གནང་ཆེད་ཕེབས་རྒྱུའི་གནས་ཚུལ་ཐོན་འདུག།
རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཀིརིཤ་ན་ཉིན་གྲངས་གསུམ་རིང་གི་མཛད་འཆར་ཆེད་གཟའ་ལྷག་པའི་ཉིན་བལ་ཡུལ་དུ་ཕེབས་འབྱོར་གནང་རྒྱུ་དང་ ཁོང་དང་ལྷན་དུ་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ནི་རུ་པ་མ་རའོ་ཡང་ལྷན་བཅར་ཞུ་རྒྱུ་ཡིན་འདུག།
གནས་ཚུལ་ཐོན་པར་ལྟར་ན་ རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་བལ་ཡུལ་དུ་འཚམས་གཟིགས་གནང་རྒྱུ་དེ་འདི་ལོ་ཕྱི་ཟླ་གསུམ་པའི་ནང་གཏན་འཁེལ་བྱུང་བ་ཞིག་ཡིན་འདུག་ན་ཡང་ བལ་ཡུལ་གྱི་སྲིད་བློན་ཁ་ནཱལ་དང་བལ་ཡུལ་མའོའི་དམར་ཤོག་ཚོགས་པའི་དབར་གྱི་ཆབ་སྲིད་ཀྱི་རྩོད་རྙོག་གི་རྐྱེན་པས་བློན་ཆེན་བསྐོ་བཞག་མ་ཐུབ་པ་སོགས་ཀྱི་གནས་ཚུལ་བྱུང་སྟབས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱི་འཚམས་གཟིགས་འདི་ད་བར་ཕར་འགྱངས་གནང་དགོས་པ་བྱུང་ཡོད་པ་རེད།