རྒྱ་གར་དུ་རྩ་ཆེའི་ནང་པའི་ཕྱག་དཔེ་ཞིག་དཔར་བསྐྲུན།
2012.05.03
༄༅༎རྒྱ་གར་གཞུང་གིས་རྩ་ཆེའི་ནང་པའི་ཕྱག་དཔེ་ཞིག་དེབ་གཟུགས་སུ་པར་དུ་བཀོད་ནས་དབུ་འབྱེད་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག
དེ་སྔ་ཕྱི་ལོ་༡༩༣༡ ལོར་སྐབས་དེའི་རྒྱ་གར་འོག་ཡོད་པ་དང་། དེང་སང་པ་ཀི་སི་ཏན་ཁྱབ་ཁོངས་ཡོད་པའི་གྷིལ་གྷིཏ་ཞེས་པའི་ས་གནས་སུ་ལུག་རྫི་བ་ཞིག་ལ་བརྙེད་སོན་བྱུང་བའི་དུས་རབས་ལྔ་པའི་ནང་གི་ནང་པའི་ཕྱག་དཔེ་མདོ་པད་མ་དཀར་པོ་ཞེས་པ་དེ་དག་ད་བར་རྒྱ་གར་གཞུང་གི་གནའ་བོའི་ཤུལ་རྫས་བདག་གཉེར་ལས་ཁུངས་ནས་ཉར་ཚགས་གནང་ཡོད་པ་རེད། གོང་ཞུས་ཕྱག་དཔེ་དེ་དག་སྐབས་དེར་ལུག་རྫི་བ་དེས་ཤིང་སྒམ་ཞིག་ནང་ཡོད་པ་བརྙེད་སོན་བྱུང་མ་ཐག་གྒིལ་གྷིཏ་ས་ཁུལ་གྱི་རྒན་པོར་ཕུལ་བ་དང་། ཁོང་གིས་ཀ་ཤི་མིར་གྱི་རྒྱལ་པོར་ཕུལ་བ་སོགས་གང་ལྟར་ཞིབ་འཇུག་བྱས་པའི་སྐབས་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་འཕྲོག་བརླག་ཕྱིན་མེད་པའི་རྒྱུ་མཚན་གཙོ་བོ་ནི་ཕྱག་དཔེ་དེ་བཞིན་ཤིང་སྟག་མའི་སྟེང་བྲིས་བཀོད་བྱས་ཡོད་པ་དང་། སྟག་ཤིང་ནི་གནམ་གཤིས་ཧ་ཅང་གྲང་ངར་ཆེན་པོ་ཡོད་ཀྱང་འཕྲོག་བརླག་མི་འགྲོ་བའི་ཁྱད་ཆོས་ལྡན་པ་ཞིག་ཡིན་པར་སྐྱོན་ཆ་གང་ཡང་བྱུང་མེད་པའི་འགྲེལ་བརྗོད་བྱེད་ཡོད་པ་རེད། ད་ཆ་རྩ་ཆེའི་ཕྱག་དཔེ་འདི་བཞིན་དེབ་གཟུགས་སུ་བཀོད་རྒྱུར་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ངོས་འཛིན་བྱེད་པའི་ཉིང་ཧོང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་དང་། རྒྱ་གར་གཞུང་གི་འབྲེལ་ཡོད་ལས་ཁུངས་གཉིས་ཐུན་མོང་གི་ཐོག་ནས་བྱུས་བཀོད་བྱས་པ་ཞིག་ཡིན་འདུག དེ་རིང་དེབ་གཟུགས་སུ་བཀོད་ནས་དབུ་འབྱེད་གནང་བའི་སྐབས། རྒྱ་གར་གྱི་གནའ་བོའི་ཤུལ་རྫས་བདག་གཉེར་ལས་ཁུངས་ཀྱི་འགན་འཛིན་མུ་ཤིར་ ཨུལ་ ཧ་སན་མཆོག་གིས། རྩ་ཆེའི་ཕྱག་དཔེ་འདི་བཞིན་དེབ་གཟུགས་སུ་བཀོད་པ་དེས་མ་འོངས་པར་ཞིབ་འཇུག་གི་ལས་དོན་ལ་ཕན་ཐོགས་ཡོང་གི་རེད་ཅེས་འགྲེལ་བརྗོད་གནང་འདུག