རྒྱ་གར་གྱིས་བྱང་ཤར་ཁུལ་དུ་ཆུ་རགས་རྒྱབ་རྒྱུའི་ལས་འཆར།
2009.07.16
༄༅༎རྒྱ་གར་གྱིས་བྱང་ཤར་ཁུལ་ཆུ་རགས་རྒྱབ་རྒྱུའི་ལས་འཆར་དེས་སྦང་ལ་རྡེ་ཤིར་དོ་ཕོག་མི་འགྲོ་བའི་དགོངས་པ་བཞེས་ཀྱི་ཡིན་ཞེས་རྒྱ་གར་གྱི་སྲིད་བློན་མཆོག་ནས་གསུངས་ཡོད་འདུག
སྦང་ལ་རྡེ་ཤི་གསར་ཤོག་ཁག་ནང་གནས་ཚུལ་བཀོད་ཐོན་བྱུང་བར་ལྟར་ན་རྒྱ་གར་གྱི་སྲིད་བློན་མཆོག་དང་སྦང་ལ་རྡེ་ཤིའི་སྲིད་བློན་རྣམ་གཉིས་མཇལ་འཕྲད་སྐབས་སྦང་ལ་རྡེ་ཤིའི་ངོས་ནས་རྒྱ་གར་གྱི་བྱང་ཤར་མ་ནི་པུར་མངའ་སྡེའི་ནང་སྦ་རག་གཙང་པོའི་ཐོག་ཆུ་རགས་རྒྱབ་རྒྱུའི་ལས་འཆར་དེས་སྦང་ལ་རྡེ་ཤིའིནང་གི་གཙང་ཆུ་གཉིས་སྐམ་འགྲོ་རྒྱུའི་ཉེན་ཁ་ཡོད་པའི་གནད་དོན་སྐོར་གྲོས་བསྡུར་ཞུས་ཡོད་པ་དང་གནད་དོན་འདིའི་ཐོག་སྲིད་བློན་མཱན་མོ་ཧན་སིང་མཆོག་ནས་ཐུགས་ཞིབ་གནང་རྒྱུ་མ་ཟད་ཡུལ་གཉིས་ཀྱི་འབྲེལ་བར་དོ་ཕོག་མི་འགྲོ་བའི་དགོངས་པ་བཞེས་ཀྱི་ཡིན་ཞེས་སྦང་ལ་རྡེ་ཤིའི་སྲིད་བློན་ལ་གསུངས་ཡོད་འདུག
འོན་ཀྱང་གོང་ཞུས་ཆུ་མཛོད་དེའི་ཐོག་སྦང་ལ་རྡེ་ཤིའི་ཕྱོགས་འགལ་ཚོགས་པ་དང་གཞན་ཡང་མང་ཚོགས་ནས་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད་འདུག་ལ་འདི་ཚེས་བཅུ་བཞི་ཉིན་རྒྱལ་ཡོངས་ཚོགས་པས་རྒྱལ་སྤྱིའི་ངོས་ནས་གནད་དོན་འདིའི་ཐོག་རྒྱ་གར་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་ཞུ་སྙན་ཕུལ་ཡོད་འདུག ཞུ་སྙན་དེའི་ནང་རྒྱ་གར་གྱི་ངོས་ནས་ཆུ་མཛོད་ཀྱི་ལས་འཆར་དེས་སྦང་ལ་རྡེ་ཤིའི་མི་མང་ས་ཡ་འགའ་ཤས་ཀྱི་འཚོ་གནས་ལ་དོ་ཕོག་འགྲོ་བ་ཙམ་མ་ཟད་ཁོར་ཡུག་དང་གནམ་གཤིས་བཅས་པར་ཡང་བཞིན་གྱི་ཉེན་ཚབས་ཆེན་པོ་ཆགས་རྒྱུ་ཡིན་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད། དེ་དང་ཕྱོགས་མཚུངས་ཕྱོགས་འགལ་ཚོགས་པས་རྒྱ་གར་གྱི་སྲིད་བློན་མཆོག་ལའང་འདིའི་སྐོར་ཞུ་སྙན་ཕུལ་ཡོད་པ་རེད།
དེ་སྔ་ཕྱི་ལོ་༡༩༧༤ལོར་རྒྱ་གར་གྱི་ཀ་ལི་ཀ་ཊའི་ཁུལ་ནས་འདི་ལྟ་བུའི་ཆུ་རགས་རྒྱབ་པ་དེས་སྦང་ལ་རྡེ་ཤིའི་གཙང་ཆུའི་ཐོག་དོ་ཕོག་ཆེན་པོ་ཐེབས་ཡོད་པ་རེད།