རྒྱ་གར་གྱི་མཐའ་མཚམས་ཁུལ་དུ་རྒྱ་ནག་གིས་བཙན་འཛུལ་བྱས་ཚེ་ཕར་རྒོལ་བྱེད་རྒྱུའི་གྲ་སྒྲིག་ཨང་གསར་ཡོད་ཟེར།
སྤྱི་ཟླ་༡༢བའི་ཚེས་༡༣ཉིན་རྒྱལ་ས་ལྡི་ལིར་རྒྱ་གར་གྲོས་ཚོགས་འོག་མིའི་ནང་། ཉེ་ལམ་ཚེས་༩ཉིན་མོན་རྟ་དབང་མཐའ་མཚམས་འཕགས་བོད་ས་མཚམས་ས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མི་བར་གདོང་ཐུག་དྲག་པོ་བྱུང་བའི་གནས་ཚུལ་ཐད། རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་སྐུ་ཞབས་(Rajnath Singh)་ལགས་ཀྱིས་གསུང་བཤད་གནང་བའི་ནང་། སྤྱི་ཟླ་༡༢ཚེས་༩ཉིན་རྒྱ་ནག་གི་བཅིངས་གྲོལ་དམག་མིས་མོན་རྟ་དབང་གི་ཡང་རྩེ་ས་ཁུལ་དུ་ཆགས་པའི་མཐའ་མཚམས་ས་ཐིག་(LAC)་ཏུ་བཙན་འཛུལ་བྱས་ཏེ། ད་ཡོད་མཐའ་མཚམས་ས་ཐིག་ལ་འགྱུར་བ་གཏོང་ཐབས་བྱས་འདུག འོན་ཀྱང་། ང་ཚོའི་མཐའ་སྲུང་དམག་མི་དང་ཁུལ་དེའི་ས་གནས་མི་མང་ཚོ་མཉམ་རུབ་ཀྱིས་རྒྱ་ནག་གི་བཙན་འཛུལ་ལ་གདོང་ལེན་བྱས་འདུག་པ་མ་ཟད། ཕྱོགས་གཉིས་བར་ལག་འཛིང་དྲག་པོ་བྱུང་བའི་རྗེས་འབྲས་སུ། རྒྱ་གར་གྱི་མཐའ་སྲུང་དམག་མིས་བློ་སྟོབས་ལྡན་པའི་སྒོ་ནས་རྒྱ་ནག་གི་དམག་མི་ས་ཁུལ་དེ་ནས་ཕྱིར་ཕུད་བྱས་ཡོད། གདོང་ཐུག་ཁྲོད་ཕྱོགས་གཉིས་ཀྱི་དམག་མིར་རྨས་སྐྱོན་ཕོག་ཡོད་པ་ལས་རྐྱེན་ལམ་དུ་ཤོར་བའི་གནས་ཚུལ་རིགས་ད་བར་བྱུང་མེད། དེར་བརྟེན། འབྱུང་འགྱུར་རྒྱ་གར་གྱི་མཐའ་མཚམས་ཁུལ་དུ་འདི་ལྟ་བུའི་བཙན་འཛུལ་རིགས་བྱུང་ཚེ། རྒྱ་གར་གྱི་དམག་མིས་དེར་ཕར་རྒོལ་དང་གདོང་ལེན་བྱེད་རྒྱུའི་གྲ་སྒྲིག་ཨང་གསར་ཡོད་ཅེས་དང་། ཕྱོགས་གཉིས་ཀྱི་བར་གདོང་ཐུག་དྲག་པོ་བྱུང་སྟེ། རྒྱ་ནག་གི་དམག་མི་རང་གནས་སུ་ཕྱིར་ལོག་བྱས་པའི་རྗེས། སྤྱི་ཟླ་༡༢བའི་ཚེས་༡༡ཉིན་རྒྱ་གར་ས་གནས་མཐའ་སྲུང་དམག་མིའི་དཔོན་རིགས་ཀྱིས་སྣེ་ཁྲིད་དེ། ཕྱོགས་གཉིས་ཀྱི་དཔོན་རིགས་བར་རྩོད་རྙོག་དང་འབྲེལ་བའི་ནང་མོལ་ཚོགས་འདུ་འཚོགས་ཏེ། རྒྱ་ནག་ཕྱོགས་ནས་མ་འོངས་པར་འདི་འདྲ་བྱས་ན་འགྲིག་ཐབས་མེད་པ་དང་། ས་མཚམས་ཞི་བདེ་གནས་དགོས་པ་སོགས་ཀྱི་ཐད་གོ་བསྡུར་གནང་ཡོད་ཅེས་གསུངས་འདུག
ཁ་སྔོན་སྤྱི་ཟླ་༡༠བའི་ནང་བསྐོང་ཚོགས་གནང་བའི་རྒྱ་ནག་དམར་ཤོག་གི་ཚོགས་ཆེན་ཐེངས་༢༠པའི་སྐབས། ཞི་ཅིན་ཕིན་གྱིས་གཏམ་བཤད་བྱས་པའི་ནང་། རྒྱ་ནག་གི་དམག་དོན་དེང་རབས་ཅན་དུ་བསྒྱུར་ཏེ། ཡར་རྒྱས་ཆེན་པོ་གཏོང་དགོས་པ་དང་། སྲུང་སྐྱོབ་ཀྱི་གནད་དོན་གཙོ་བཟུང་དགོས་པ། རྒྱལ་ནང་ཞི་བདེ་ལྷིང་འཇགས་དགོས་པ། དེ་བཞིན་ཐེ་ཝན་ཐོག་མུ་མཐུད་ལངས་ཕྱོགས་མཁྲེགས་བཟུང་དགོས་པ་གསལ་སྟོན་བྱས་ཡོད་པ་རེད།
རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་ཉམས་ཞིབ་ལྟེ་གནས་ཁང་གི་འགན་འཛིན་དང་རྒྱ་གར་དབུས་གཞུང་གི་དྲུང་འཕར་ཟུར་པ་སྐུ་ཞབས་(Jayadeva Ranade)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཁ་སྔོན་བསྐོང་ཚོགས་བྱས་པའི་རྒྱ་ནག་དམར་ཤོག་གི་ཚོགས་ཆེན་སྐབས། ཞི་ཅིན་ཕིང་གིས་སྣེ་ཁྲིད་འོག་ས་མཚམས་ཀྱི་རྩོད་རྙོག་དེ་ཉུང་དུ་འགྲོ་རྒྱུ་མིན་པ་གསལ་སྟོན་བྱས་ཡོད། ལྷག་ཏུ་ཕྱིའི་སྟོབས་ཤུགས་དང་ཕར་རྒོལ་བྱེད་ཐུབ་མཁན་གྱི་ཉམས་མྱོང་ལྡན་པའི་མི་སྣའི་རིགས་རྒྱ་ནག་དབུས་དམག་དོན་ལྷན་ཁང་དུ་གསར་འཇུག་བྱས་ཡོད། དེར་བརྟེན། ས་མཚམས་ཐོག་ལ་དམིགས་བསལ་དོ་སྣང་བྱེད་རྒྱུ་ཡིན་པ་གསལ་པོ་རེད་ལ། འབྱུང་འགྱུར་ཨ་རུ་ན་ཅལ་གྱི་ཤར་ཕྱོགས་ས་ཁུལ་དང་། འབྲས་ལྗོངས་ཀྱི་བྱང་ཕྱོགས་ས་ཁུལ་སོགས་ས་མཚམས་ས་ཁུལ་དུ་རྩོད་རྙོག་དང་གདོང་ཐུག་ཡོང་རྒྱུ་ཡིན་པ་ནི་བརྗོད་མི་དགོས་པ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
ད་རེས་རྒྱ་དཀར་ནག་གི་མཐའ་མཚམས་དམག་མིའི་བར་གདོང་ཐུག་བྱུང་བ་དེ་ནི་༢༠༢༠ ལོའི་སྤྱི་ཟླ་༦པའི་ནང་ལ་དྭགས་ཀྱི་གྷལ་ཝན་ས་ཁུལ་དུ་ཕྱོགས་གཉིས་ཀྱི་དམག་མི་བར་གདོང་ཐུག་དྲག་པོ་བྱུང་བའི་རྗེས། མཐའ་སྲུང་དམག་མིའི་བར་གདོང་ཐུག་གི་གནས་ཚུལ་བྱུང་བ་ཐོག་མ་དེ་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་ཀྱི་ཡོད་འདུག་ལ། ད་རེས་ཀྱི་གདོང་ཐུག་ཁྲོད་རྒྱ་གར་གྱི་དམག་མི་༢༠དང་རྒྱ་ནག་གི་དམག་མི་དེ་ལས་མང་བ་རྨས་སྐྱོན་ཕོག་ཡོད་པ་བརྗོད་འདུག
རྒྱ་གར་བྱང་ཕྱོགས་ཨ་རུ་ན་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་(Ninong Ering)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། མོན་རྟ་དབང་ནི་༧གོང་ས་ཏཱ་ལའི་བླ་མ་མཆོག་བོད་ནས་བྲོས་བྱོལ་དུ་ཕེབས་སའི་ཕེབས་ལམ་ཡིན། རྒྱ་ནག་གིས་རྟ་དབང་དེ་བཞིན་རྒྱ་ནག་གི་ས་ཁུལ་ཡིན་པ་བརྗོད་ཀྱི་ཡོད། འོན་ཀྱང་། ས་གནས་མི་མང་གིས་རྩ་བ་ནས་ངོས་ལེན་བྱེད་ཀྱི་མིན། ཚང་མར་རྒྱ་གར་བ་ཡིན་པའི་སེམས་ཚོར་ཆེན་པོ་ཡོད་ལ། ལྷག་ཏུ་ང་ཚོའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོས་ཨ་རུ་ན་ཅལ་གྱི་ཁྱིམ་མཚེས་བོད་ཡིན་པ་ལས། རྒྱ་ནག་ཡིན་པ་རྩ་བ་ནས་ངོས་ལེན་གནང་གི་མེད་ཅེས་དང་། ད་ལྟ་རྩོད་རྙོག་ཤོར་སའི་ས་ཁུལ་དུ་དགུན་དུས་སུ་ཧ་ཅང་གི་གྲང་ངར་ཆེ་བས། རྒྱ་གར་གྱི་མཐའ་སྲུང་དམག་མི་ཕྱིར་འཐེན་བྱས་པའི་གོ་སྐབས་དེ་རྒྱ་ནག་གིས་བཟུང་སྟེ། བཙན་འཛུལ་བྱས་པ་ཞིག་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་མི་དམངས་བཅིངས་གྲོལ་དམག་གི་ནུབ་རྒྱུད་དམག་ཁུལ་ཁང་གི་མགྲིན་ཚབ་པས་གསར་འགོད་པ་ཚོར། རྒྱ་ནག་གི་ས་སྲུང་དམག་མི་རྒྱ་གར་གྱི་ཉེན་རྟོག་པས་བཀག་འགོག་བྱས་པ་མ་ཟད། ས་མཚམས་བརྒལ་ནས་འཛུལ་ཞུགས་བྱེད་མཁན་ནི་རྒྱ་གར་གྱི་དམག་མི་ཡིན་པ་བརྗོད་འདུག དེ་བཞིན་གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཝང་ཝེན་སྦིན་གྱིས་གསར་འགོད་པ་ཚོར། རྒྱ་ནག་དང་རྒྱ་གར་བར་གྱི་ས་མཚམས་ཀྱི་གནས་སྟངས་ཞི་འཇམ་ངང་གནས་ཡོད་པ་བརྗོད་འདུག
ཡང་མོན་གྱི་ཡང་རྩེ་ས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མིའི་བར་གདོང་ཐུབ་བྱུང་བ་དེ་ནི། ད་རེས་ཐེངས་དང་པོ་མིན་པར། དེ་སྔོན་གདོང་ཐུག་ཐེངས་འགའ་བྱུང་ཡོད་པ་མོན་རྟ་དབང་གི་ས་གནས་ཡུལ་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་ལ། དེ་སྔོན་༢༠༢༡ལོའི་སྤྱི་ཟླ་༡༠པའི་ནང་འདི་ལྟ་བུའི་གདོང་ཐུག་ཅིག་བྱུང་ཡོད་པ་གསུང་གི་འདུག
ལྡི་ལིར་རྟེན་གཞི་བྱས་པའི་ཉམས་ཞིབ་ལྟེ་ཁང་གི་རྒྱ་ནག་སྡེ་ཚན་གྱི་ཉམས་ཞིབ་པ་སྐུ་ཞབས་(Kalpit Mankikar)་ལགས་ཀྱིས། རྒྱ་ནག་གིས། ལ་དྭགས་ཀྱི་ས་ཁུལ་དང་ཨ་རུ་ན་ཅལ། དེ་བཞིན་ཐེ་ཝན་སོགས་ནི་རྒྱ་ནག་ཉམས་པའི་སྐབས་སུ་གཞན་ལ་ཤོར་བའི་ས་ཁུལ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། ད་ཆ་སྟོབས་ཤུགས་ཡོད་པའི་སྐབས་ས་ཁུལ་དེ་དག་ཐོག་སྔར་ལྷག་ལངས་ཕྱོགས་མཁྲེགས་བཟུང་བྱེད་འགོ་འཛུགས་ཡོད་པ་གསལ་པོ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།