མོན་རྟ་དབང་འཕགས་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་གདོང་ཐུག་བྱུང་འདུག

2022.12.12
མོན་རྟ་དབང་འཕགས་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་གདོང་ཐུག་བྱུང་འདུག རྒྱ་གར་གྱི་དམག་མིས་རྟ་དབང་མཐའ་མཚམས་སུ་དམག་སྦྱོང་བྱས་བའི་སྐབས། ༡༠།༢༠།༢༠༢༡
AFP

དེ་ཡང་རོའུ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ཚེས་༩ཉིན་ས་མཚམས་ཀྱི་རྩོད་རྙོག་ཡོད་པའི་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་འཕགས་བོད་ས་མཚམས་སུ། རྒྱ་གར་དང་རྒྱ་ནག་གི་མཐའ་སྲུང་དམག་མིའི་བར་གདོང་ཐུག་བྱུང་ནས་ཕྱོགས་གཉིས་ཀྱི་དམག་མི་ཁ་ཤས་ལ་རྨས་སྐྱོན་བྱུང་ཡོད་པ་དང་། གསར་ཁང་དེས་གནས་ཚུལ་དེའི་ཐད་རྒྱ་གར་དང་རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་སོ་སོར་བཅར་འདྲི་བྱས་ཀྱང་ལན་འདེབས་གང་ཡང་བྱུང་མི་འདུག
གཞན་(The Hindu)་ཞེས་པའི་རྒྱ་གར་གྱི་ཚགས་པར་དེས་ཚེས་༡༢ཉིན་གནས་ཚུལ་སྤེལ་བ་ལྟར་ན། འདི་ཚེས་༩ཉིན། རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་ཁུལ་གྱི་ཡང་རྩེ་ས་ཁུལ་དུ་རྒྱ་དཀར་ནག་གཉིས་མཐའ་སྲུང་དམག་མིའི་བར་གདོང་ཐུག་བྱུང་ནས་ཕྱོགས་གཉིས་ཀྱི་དམག་མིར་རྨས་སྐྱོན་བྱུང་བ་ལས། རྒྱ་ནག་ཕྱོགས་ཀྱི་དམག་མིར་རྨས་སྐྱོན་ཆེ་བ་བྱུང་ཡོད་པ་རྒྱ་གར་གཞུང་འབྲེལ་བདེ་སྲུང་ལས་བྱེད་མི་སྣ་ཞིག་གིས་གསུངས་བ་ལུངས་འདྲེན་བྱས་འདུག
ཟླ་སྔོན་མར་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་མངའ་སྡེའི་སྐུ་མགྲོན་དུ་མགྲོན་འབོད་གནང་བ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྤྱི་ཟླ་༡༡པའི་ཚེས་༢ཉིན་ནས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་གཞུང་འབྲེལ་འཚམས་གཟིགས་གནང་ཡོད་པ་རེད། དེའི་ཐད་རྒྱ་གར་གྱི་རྒྱ་ནག་དབྱེ་ཞིབ་ལྟེ་གནས་ཁང་གི་འགན་འཛིན་ཇཱ་ཡཱ་དེ་བ་རཱ་ནཱ་དི་(Jayadeva Ranade)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་གསུངས་ན། མངའ་སྡེ་དེ་ནི་རྒྱ་གར་སྤྱི་མཐུན་གྱི་མངའ་ཁོངས་བསྙོན་མེད་དང་རྒྱ་གར་གྱིས་འཛིན་སྐྱོང་གནང་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་མཐའ་མཚམས་ཀྱི་ས་ཆ་མང་པོ་མིང་བསྒྱུར་དང་རྒྱུ་མཚན་འདྲ་མིན་བཙལ་ནས་ས་ཁུལ་དེ་རྒྱ་ནག་གི་ཁོངས་ཡིན་ཚུལ་རྩོད་གླེང་བྱེད་བཞིན་པ་དང་། ཧི་མ་ལ་ཡའི་རི་བརྒྱུད་དང་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཤུགས་རྐྱེན་སྤེལ་བར། རྒྱ་ནག་གུང་ཁྲན་གཞུང་གིས་མི་འདོད་པ་ཆེན་པོ་བྱེད་བཞིན་པ་རེད། དེར་བརྟེན་ད་རེས་སྲིད་སྐྱོང་མཆོག་གི་གཟིགས་སྐོར་དེས་རྒྱ་ནག་གཞུང་ལ་བརྡ་ལན་ཞིག་སྤྲད་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་ཡོད།
དེ་སྔ་༢༠༢༠ལོའི་སྤྱི་ཟླ་༦པའི་ནང་། འཕགས་བོད་མཐའ་མཚམས་ཀྱི་ལ་དྭགས་ཁུལ་གྷལ་ཝན་ལུང་གཤོང་དུ་རྒྱ་ནག་དང་རྒྱ་གར་གྱི་དམག་མིའི་བར་འཁྲུག་འཛིང་ཤོར་ནས་རྒྱ་གར་གྱི་དམག་མི་༢༠ཙམ་རྐྱེན་ལམ་དུ་ཕྱིན་པ་དང་། རྒྱ་ནག་གིས་ཡུན་རིང་ཁ་གསལ་ཕྱི་བསྒྲགས་མ་བྱས་བའི་རྗེས་དམག་མི་༤ཡི་ཚེ་སྲོག་ཤོར་བ་བསྒྲགས་ཡོད།
དེང་སྐབས་རྒྱ་གར་དང་རྒྱ་ནག་བར་རྩོད་རྙོག་བྱུང་བཞིན་པའི་འཕགས་བོད་ས་མཚམས་དེ་སྤྱི་ལེ་༣༨༠༠ཙམ་གྱི་ས་འབྲེལ་ཡོད་པ་རེད།


གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎