རྒྱ་གར་བ་ཨཕ་གན་ནང་འདས་གྲོངས་སོང་བའི་ཕུང་པོ་ཕྱིར་ལོག
2010.02.28
༄༅༎རྒྱ་གར་གཞུང་གིས་རང་གི་མི་སེར་ད་རེས་ཨབ་ག་ནི་སི་ཐན་གྱི་རྒྱལ་ས་ཀ་བུལ་གྱི་ནང་དྲག་སྤྱོད་པའི་དྲག་རྒོལ་གྱི་དོན་རྐྱེན་ནང་རྐྱེན་ལམ་དུ་ཕྱིན་པ་རྣམས་ཀྱི་ཕུང་པོ་རྒྱ་གར་ནང་གདན་དྲན་ཞུས་ཡོད་པ་དང་དེ་བཞིན་རྨས་སྐྱོན་ཕོག་པ་རྣམས་ཀྱང་རྒྱ་གར་གྱི་སྨན་བཅོས་ཆེད་འཁྱེར་ཡོད་འདུག
རེས་གཟའ་པ་སངས་ཀྱི་ཉིན་རང་སྲོག་གློད་གཏོང་བྱས་པའི་ཏ་ལི་སྦན་དྲག་སྤྱོད་པས་ཨཕ་ག་ནི་སི་ཐན་གྱི་རྒྱལ་ས་ཀ་བུལ་ནང་ཕྱི་མི་གནས་སྡོད་བྱ་ཡུལ་གྱི་མགྲོན་ཁང་ཁག་གཉིས་ལ་དམིགས་ཏེ་དྲག་རྒོལ་བརྩམས་ཡོད་པ་དང་ དེའི་ནང་རྒྱ་གར་བ་མི་གྲངས་དགུའི་གཙོས་པའི་མི་གྲངས་༡༦་གི་ཚེ་སྲོག་བཅད་ཡོད་པ་དང་མི་གྲངས་༢༠ཙམ་ལ་རྨས་སྐྱོན་ཚབས་ཆེ་བཏང་ཡོད་པ་རེད་
གནས་ཚུལ་ཐོན་ཁུངས་ལ་གཞིགས་ན་ དྲག་སྤྱོད་པ་ཚོས་དྲག་རྒོལ་བརྩམས་ཡུལ་གཙོ་བོ་གཅིག་ རྒྱལ་ས་ཀ་བུལ་ནང་ཡོད་པའི་རྒྱ་གར་གྱིས་གཉེར་བའི་མགྲོན་ཁང་ཞེས་པ་དེར་དམིགས་ཏེ་གཏོར་རྒོལ་བརྩམས་ཡོད་པར་ དེའི་ནང་རྒྱ་གར་གྱི་དམག་མིའི་དཔོན་རིགས་གཉིས་དང་ གཞུང་གི་ལས་བྱེད་པ་དང་གཞན་ཡང་རྒྱ་གར་གྱི་ཡུལ་མི་ཁག་ཅིག་བཅས་རྒྱ་གར་བ་མི་དགུའི་ཚེ་སྲོག་ཤོར་ཡོད་པ་དང་ ཕྱོགས་མཚུངས་དམག་དཔོན་ལྔའི་གཙོས་པའི་རྒྱ་གར་གཞུང་གི་ལས་བྱེད་པ་གཅིག་དང་ སྒེར་གྱི་སྲུང་སྐྱོབ་ལས་འཁུར་ཞུ་མཁན་གྱི་རྒྱ་གར་གྱི་སྐོར་བྱ་བ་གཉིས་བཅས་རྒྱ་གར་བ་མི་བརྒྱད་ལ་ཚབས་ཆེ་རྨས་སྐྱོན་ཕོག་ཡོད་པ་རེད་ རྒྱ་གར་གྱི་སྲིད་འཛིན་ལྕམ་པཱ་ར་ཏི་སྦ་པི་ཀྲིལ་མཆོག་གིས་ཁ་ས་སྐུ་སྲོག་ཤོར་བའི་རྒྱ་གར་བ་རྣམས་ཀྱི་སྐུ་ཕུང་ལ་མེ་ཏོག་གི་ཕུལ་ཏེ་གུས་བརྩིས་ཞུས་ཡོད་པ་རེད་
རྒྱ་གར་གཞུང་གིས་ཨཕ་ག་ནི་སི་ཐན་གྱི་གཞུང་ལ་རྒྱལ་ཁབ་འཛུགས་བསྐྲུན་ཡར་རྒྱས་ཀྱི་ཆེད་ཨ་སྒོར་འཐེར་འབུམ་གཅིག་ལྷག་པའི་རོགས་སྐྱོར་མཁོ་སྤྲོད་རྒྱུད་གཞི་རྒྱ་ཆེ་བའི་རོགས་སྐྱོར་གནང་ཡོད་པ་རེད་