རྒྱ་གར་དང་པ་ཀི་སི་ཐན་གྲོས་མོལ་ལྷུག་པོ་བྱུང་སྐོར།
2010.04.29
༄༅༎ལྷོ་ཨེ་ཤེ་ཡའི་མཐུན་ཕྱོགས་རྒྱལ་ཁབ་ཀྱི་ཚོགས་འདུ་ཐེངས་བཅུ་བཞི་པ་དེ་དེ་རིང་ནས་བཟུང་ཉིན་གྲངས་གཉིས་རིང་འབྲུག་གི་རྒྱལ་ས་ཐིམ་བུའི་ནང་། ཚོགས་བཞིན་ཡོད་པ་ལྟར་དེ་རིང་ཚོགས་འདུའི་ཞོར་དུ་རྒྱ་གར་དང་པ་ཀི་སི་ཏན་གཉིས་ཀྱི་དབུ་འཁྲིད་རྣམ་གཉིས་མཇལ་འཕྲད་གནང་ཡོད་པ་རེད། དེ་ཡང་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་མཆོག་གིས། ད་རེས་དབུ་འཁྲིད་རྣམ་གཉིས་མཇལ་འཕྲད་གནང་དགོས་དོན་ནི་ཕྱོགས་གཉིས་དབར་གྲོས་མོལ་གྱི་བརྒྱུད་རིམ་སླར་གསོ་བྱེད་རྒྱུའི་ཆེད་ཡིན་པ་དང་། དེ་དག་བརྒྱུད་ནས་དེ་སྔའི་ལོ་རྒྱུས་ལས་མ་འོངས་པའི་བྱེད་འཆར་ལ་གོམ་པ་གསར་པ་ཞིག་སྤོ་ཐུབ་པ་བྱེད་རྒྱུར་དམིགས་པ་ཞིག་རེད་ཅེས་གསུངས་ཡོད་འདུག
ཡང་ཁོང་གིས། དབུ་འཁྲིད་རྣམ་གཉིས་ནས་ཕྱོགས་གཉིས་ཀའི་ཕྱི་སྲིད་བློན་ཆེན་གཉིས་གང་མགྱོགས་མཇལ་འཕྲད་ཀྱིས་གྲོས་མོལ་སླར་གསོ་ཡོང་ཐབས་བྱེད་དགོས་པའི་བཀོད་ཁྱབ་བཏང་ཡོད་རེད་ཅེས་གསུངས་ནས་གང་ལྟར་རྒྱ་གར་ངོས་ནས་གྲོས་མོལ་སླར་གསོ་བྱེད་རྒྱུའི་རྣམ་པ་ཤུགས་ཆེ་བསྟེན་གནང་ཡོད་པ་རེད།
འོན་ཀྱང་ཕྱོགས་གཉིས་དབར་ཕྱི་ལོ་༢༠༠༨ལོར་མུམ་བྷ་ཡེ་གྲོང་ཁྱེར་ནང་པ་ཀི་སི་ཏན་གྱི་མི་རིགས་ཡིན་པའི་འཇིགས་སྐུལ་དྲག་སྤྱོད་པས་གཏོར་རྒོལ་ཚབས་ཆེ་བཏང་བའི་གནད་དོན་ཐོག་ད་ལྟའང་མོས་མཐུན་ཡོད་པའི་དཀའ་རྙོག་སེལ་ཐུབ་མེད་པ་རེད།