རྒྱ་གར་གྱིས་པཀིསི་ཏན་ལ་རྡོ་སྣུམ་ཚོང་འགྲེམས་གནང་འཆར།
2011.04.25
༄༅༎རྒྱ་གར་གྱིས་པཀིསི་ཏན་གྱི་དགོས་མཁོ་སྐོང་ཆེད་རྡོ་སྣུམ་ཚོང་འགྲེམས་གནང་ནས་རྒྱ་གར་རང་ཉིད་ཀྱི་རཱི་ལའེན་སི་Reliance Industriesཞེས་པའི་ཁེ་གཉེར་ལས་ཁང་སོགས་ལ་ཚོང་ཡོང་སྒོ་བཟོ་རྒྱུའི་འཆར་གཞི་ཡོད་པ་རེད་
རྒྱ་གར་གྱི་དཔལ་འབྱོར་དུས་བབ་Economic Times ཅེས་པའི་གསར་ཤོག་ཅིག་ནང་རྒྱ་གར་གཞུང་གི་དཔོན་རིགས་ཤིག་ནས་་པཀིསི་ཏན་གྱིས་ཡུལ་ནང་རྡོ་སྣུམ་རིན་གོང་ཆུང་བ་ཡོང་རྒྱུར་རྒྱ་གར་ནས་རྡོ་སྣུམ་ཉོ་རྒྱུའི་འདོད་པ་ཆེན་པོ་ཡོད་པ་རེད་ཅེས་གསུང་པ་ལུང་འདྲེན་གནང་ཡོད་པ་རེད་ ཡང་གོང་ཞུས་རྒྱ་གར་གྱི་གསར་ཤོག་དེས་རེས་གཟའ་ལྷག་པ་ཉིན་རྒྱ་གར་དང་པཀིསི་ཏན་གྱི་དཔལ་འབྱོར་དྲུང་ཆེ་རྣམ་གཉིས་པཀིསི་ཏན་གྱི་རྒྱལ་ས་ཨི་སི་ལ་མ་སྦརྡ་ནང་མཇལ་མོལ་མ་གནང་གོང་རྒྱ་གར་ནས་པཀིསི་ཏན་ལ་རྡོ་སྣུམ་ཚོང་འགྲེམས་བྱེད་རྒྱུའི་འཆར་གཞི་དེ་གྲ་སྒྲིག་གནང་ཟིན་པ་གནང་རྒྱུ་ཡིན་སྐོར་གནས་ཚུལ་བཀོད་ཡོད་པ་རེད་
གོང་ཞུས་རྒྱ་གར་དང་པཀིསི་ཏན་གྱི་དཔལ་འབྱོར་དྲུང་ཆེ་རྣམ་གཉིས་ཀྱི་མཇལ་མོལ་དེ་ཕྱི་ལོ་ ༢༠༠༨ ལོར་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའི་ནང་པཀིསི་ཏན་གྱི་འཇིགས་བསྐུལ་དྲག་སྤྱོད་པས་གཏོར་རྒོལ་གྱི་ལས་འགུལ་སྤེལ་བའི་རྗེས་ཡུལ་གཉིས་བར་གྱི་དཔལ་འབྱོར་གྱི་འབྲེལ་ལམ་དེ་བསྐྱར་གསོ་གནང་རྒྱུའི་ཆེད་དམིགས་ཡོད་པ་རེད་ རྒྱ་གར་གྱིས་ཕྱིའི་ཡུལ་ཁག་ནས་ཡུལ་གྱི་རྡོ་སྣུམ་གྱི་དགོས་མཁོ་བཞི་ཆ་གསུམ་ཙམ་ནང་འདྲེན་གནང་གི་ཡོད་ནའང་ཡུལ་ནང་རྡོ་སྣུམ་གཙང་བཟོ་བྱེད་རྒྱུའི་འཕྲུལ་ཆའི་ཆ་རྐྱེན་དེ་ཧ་ཅང་གི་ཆེན་པོ་ཡོད་སྟབས་ཕྱིའི་ཡུལ་ཁག་ལ་རྡོ་སྣུམ་གཙང་བཟོ་ཟིན་པ་དེ་དག་ཚོང་འགྲེམས་བྱེད་མཁན་གྱི་ཡུལ་ཁག་གལ་ཆེ་ཞིག་ཆགས་ཀྱི་ཡོད་པ་རེད་ ད་ཐེངས་པཀིསི་ཏན་ལ་རྡོ་སྣུམ་གཙང་བཟོ་ཟིན་པ་ཚོང་འགྲེམས་བྱེད་རྒྱུའི་འཆར་གཞི་དེས་རྒྱ་གར་གྱི་རཱི་ལའེན་སི་ཁེ་གཉེར་ལས་ཁང་དང་ཨེ་སར་ཨོ་ཨིལ་Essar Oil བཅས་པའི་ཁེ་གཉེར་ལས་ཁང་ཁག་སོགས་ལ་ཚོང་དོན་ཁེ་ཕན་གང་འཚམས་ཐོབ་རྒྱུ་ཡིན་པ་རེད་