རྒྱ་གར་དང་ཉི་ཧོང་བར་འབྲེལ་ལམ་བཟང་དུ་གཏང་འཆར།
2012.04.28
༄༅༎རྒྱ་གར་དང་ཉི་ཧོང་ཡུལ་གཉིས་དབར་དཔལ་འབྱོར་གྱི་འབྲེལ་ལམ་བཟང་དུ་གཏང་རྒྱུའི་ཐོག་གྲོས་མོལ་གནང་འཆར་ཡོད་འདུག
སྔ་ལོ་ཡུལ་གཉིས་དབར་ཚོང་འབྲེལ་གྱི་ཆིངས་དོན་བཞག་པ་ནས་བཟུང་ད་རེས་གཟའ་ཟླ་བ་ནས་བཟུང་ཆེས་མཐོའི་དཔོན་རིགས་དབར་ཚོང་འབྲེལ་གྱི་གྲོས་མོལ་གནང་འཆར་ཡོད་ལུགས་རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་ཀྱི་སྤྱི་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་བཀོད་ཡོད་པ་རེད། བློན་ཆེན་ལྷན་ཚོགས་ཀྱི་ཚོགས་འདུ་དེའི་སྐབས་ཕྱོགས་གཉིས་ཀའི་འབྲེལ་ཡོད་བློན་ཆེན་དང་ལས་བྱེད་ཚོ་མཉམ་ཞུགས་གནང་རྒྱུ་ཡིན་དུས་ད་རིང་གཟའ་ཉི་མའི་ཉིན་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་མཆོག་རྒྱ་གར་ནང་ཕེབས་འབྱོར་གནང་གི་ཡོད་འདུག ཉི་ཧོང་གིས་འདས་པའི་ལོ་ཤས་ནས་བཟུང་རྒྱ་གར་དང་མཉམ་དཔལ་འབྱོར་དང་ཚོང་འབྲེལ་ཙམ་མ་ཡིན་པར་ཆབ་སྲིད་ཀྱི་གནད་དོན་ཐོག་ལའང་འབྲེལ་བ་བཟང་དུ་གཏང་རྒྱུའི་སྐོར་གྲོས་འཆམ་བྱུང་ཡོད་པ་རེད། ཆིངས་དོན་གྱི་དགོངས་དོན་གཞིར་བཟུང་ཉི་ཧོང་གི་མོ་དྲའི་བཟོ་སྐྲུན་བྱེད་མཁན་གྱི་ཚན་པ་མང་པོས་རྒྱ་གར་ནང་མ་རྩ་བཙུགས་ནས་ཚོང་འབྲེལ་འགོ་བཙུགས་ཡོད་པ་དང་། ཕལ་ཆེ་བ་ལྷོ་ཕྱོགས་ཅི་ན་ཡའི་ཁུལ་ཡོད་འདུག དེ་དང་ཕྱོགས་མཚུངས་ཡུལ་གཉིས་དབར་ཞི་བའི་ལས་དོན་ཐོག་བེད་སྤྱོད་བྱེད་རྒྱུའི་རྡུལ་ཕྲན་ནུས་ཤུགས་དང་། མཚོ་ཁ། སྲུང་སྐྱོབ་ཀྱི་ལས་དོན་སོགས་ཀྱི་ཐོག་ལའང་མཉམ་འབྲེལ་བྱེད་རྒྱུའི་ཐོག་ལའང་བཀའ་གནང་རྒྱུའི་འཆར་གཞིའི་ནང་ཡོད་པའི་སྐོར་བཀོད་འདུག།