རྒྱ་གར་དང་ཉི་ཧོང་བར་གྲོས་མཐུན་ཁག་ཅིག་བཞག་ཡོད་པ།
2010.10.26
༄༅༎རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་གིས་ཉེ་ཆར་ཉི་མ་གསུམ་རིང་གཞུང་འབྲེལ་དོན་དུ་ཉི་ཧོང་དུ་ཕེབས་སྐབས་ཁ་ས་གཟའ་ཟླ་བའི་ཉིན་ཉི་ཧོང་གི་སྲིད་བློན་ན་ཨོ་ཏོ་ཀན་མཆོག་དང་འཕྲུལ་ལས་བློན་ཆེན་ཨ་ཀི་ཧི་རོ་ཨོ་ཧ་ཏ་སོགས་མཇལ་འཕྲད་གནང་སྟེ་ཡུལ་གཉིས་དབར་གྱི་གང་ཅིའི་འབྲེལ་བའི་ཐད་གྲོས་མོལ་གནང་སྟེ་གྲོས་མཐུན་ཁག་ཅིག་འཇོག་གནང་ཡོད་པ་རེད་
གྲོས་མཐུན་དེ་ཚོའི་ཁོངས་ནས་ཉི་ཧོང་གི་འཕྲུལ་ཆའི་དཔལ་འབྱོར་འཕེལ་རྒྱས་ཐད་ལ་དགོས་མཁོ་ཤིན་ཏུ་ཆེ་བའི་དབྱིན་སྐད་ནང་ཆེས་དཀོན་པའི་རྡོ་རྩ་ཆེན་ཟེར་བ་ གང་ལྟར་མོ་ཊོར་དང་ཀམ་པིའུ་ཊར་སོགས་ དེང་རབས་ཅན་གྱི་འཕྲུལ་ཆའི་རྒྱུ་ཆ་དེ་དག་ད་ནས་བཟུང་དུས་ཡུན་རིང་པོའི་བར་རྒྱ་གར་གྱིས་ཉི་ཧོང་ལ་འཚོང་གྱུར་གནང་རྒྱུར་རྒྱ་གར་གྱི་སྲིད་བློན་མཆོག་གིས་ཞལ་བཞེས་གནང་ཡོད་པ་རེད་ ཉི་ཧོང་གི་འཕྲུལ་ཆར་མཁོ་གནད་ཆེ་བའི་རྫས་རིགས་དེ་དག་ད་ཕན་རྒྱ་ནག་ནས་ཉོས་ཏེ་མཁོ་གྲུབ་བྱེད་བཞིན་ཡོད་རུང་ བར་ལམ་ཉི་ཧོང་དང་རྒྱ་ནག་དབར་གྱི་འབྲེལ་བར་ཉམས་ཆགས་ཕྱིན་པའི་རྐྱེན་གྱིས་ཉི་ཧོང་ནང་མེད་དུ་མི་རུང་བའི་འཕྲུལ་ཆའི་དགོས་མཁོ་དེ་བཞིན་རྒྱ་ནག་ནས་མུ་མཐུད་མཁོ་གྲུབ་མ་ཐུབ་ཚེ་ ཉི་ཧོང་ནང་ལ་ཡོད་བཞིན་པའི་རྒྱུ་ཆ་དེ་དག་ལོ་རྗེས་མའི་ཕྱི་ཟླ་༣པའམ་དེ་ལས་འགྱངས་ན་ཕྱི་ཟླ་༤པའི་ནང་རྫོགས་འགྲོ་རྒྱུ་ཡིན་པ་རེད༎