རྒྱ་གར་གྱི་གནད་ཡོད་མི་སྣ་ཞིག་གིས་བརྩམས་པའི་བོད་ཀྱི་དངོས་བྱུང་ལོ་རྒྱུས་དཔེ་དེབ་ཐད་བགྲོ་གླེང་གནང་འདུག

2024.08.14
རྒྱ་གར་གྱི་གནད་ཡོད་མི་སྣ་ཞིག་གིས་བརྩམས་པའི་བོད་ཀྱི་དངོས་བྱུང་ལོ་རྒྱུས་དཔེ་དེབ་ཐད་བགྲོ་གླེང་གནང་འདུག རྩོམ་པ་པོ་དྷི་ལིབ་སིན་ཧ་(Dilip Sinha)་ལགས་ཀྱིས་དཔེ་དེབ་ངོ་སྤྲོད་གནང་བཞིན་པ། ༠༨།༡༤།༢༠༢༤
བསྟན་འཛིན་དོན་ཡོད། /RFA Dhasa

སྤྱི་ཟླ་༨པའི་ཚེས་༡༤ཉིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་(The Imperial Games in Tibet: The Struggle for Statehood and Sovereignty)་ཞེས་བོད་ནང་བཙན་རྒྱལ་བའི་རོལ་རྩེད། རྒྱལ་ཁབ་ཀྱི་གནས་བབ་དང་བདག་དབང་གི་འཐབ་རྩོད་ཅེས་པའི་དཔེ་དེབ་ཀྱི་རྩོམ་པ་པོ་དྷི་ལིབ་སིན་ཧ་(Dilip Sinha)་ལགས་གདན་ཞུས་ཀྱིས། རྩོམ་པ་པོས་རང་ཉིད་ཀྱི་དཔེ་དེབ་ཀྱི་ནང་དོན་ངོ་སྤྲོད་གནང་སྐབས། དེབ་དེའི་ནང་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱི་བར་དབང་ཆ་འཐབ་རྩོད་དང་། གཅིག་གིས་གཅིག་ལ་དབང་བསྒྱུར་གྱི་སྲིད་བྱུས་སོགས་དང་འབྲེལ། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་དང་བོད་ཀྱི་ངོས་ནས་རྒྱལ་ཁབ་ཀྱི་བདག་དབང་འཐབ་རྩོད་བྱས་བ་སོགས་བྲིས་ཡོད་པ་འགྲེལ་བརྗོད་གནང་སོང་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་ནང་བཙན་རྒྱལ་བའི་རོལ་རྩེད་ཅེས་པའི་དཔེ་དེབ་བཀླགས་མྱོང་མཁན། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། དཔེ་དེབ་དེ་བརྒྱུད་བོད་ཀྱི་འདས་བའི་དངོས་ཡོད་ལོ་རྒྱུས་ལ་ཕྱིར་དྲན་གྱིས། བོད་མི་རྣམས་ཀྱིས་བསླབ་བྱ་མང་དག་ཅིག་ལེན་རྒྱུ་ཡོད་པ་དང་། ལྷག་པར་དུ་བོད་པའི་གཞོན་སྐྱེས་རྣམས་ཀྱིས་སྐུ་ཞབས་དྷི་ལིབ་སིན་ཧ་ལགས་ཀྱིས་བརྩམས་པའི་ཕྱག་དེབ་དེ་ཀློག་ཐུབ་པ་ཡིན་ན་མ་འོངས་པར་བདེན་པའི་འཐབ་རྩོད་ཐོག་ལ་ངོ་མ་ཕན་ཐོགས་ཆེན་པོ་ཞིག་ཡོང་ངེས་ཡིན་པ་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས། ཕྱག་དེབ་དེ་ནི་བོད་པའི་གནད་དོན་དང་ལྷག་པར་ཆབ་སྲིད་ཀྱི་གནས་སྟངས་སྐོར་བྲིས་ཡོད་པས་ཧ་ཅང་གི་གནད་འགག་ཅན་ཞིག་ཆགས་ཀྱི་ཡོད་པས། དེབ་དེ་རྒྱ་གར་ནང་དུ་གང་མང་ཁྱབ་སྤེལ་འགྲོ་བའི་ནུས་པ་ཡང་ཆེན་པོ་ཡོད་པར་བརྟེན་འདི་ག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ངོས་ནས་རྩོམ་པ་པོ་ཁོང་གདན་ཞུས་གནང་བ་ཡིན་པ་འགྲེལ་བརྗོད་གནང་བྱུང་།

Imperial-Games-in-Tibet-Dilip-Sinha-TPI-14Aug2024-P2.jpg
སྐུ་ཞབས་དྷི་ལིབ་སིན་ཧ་ལགས་ཀྱིས་དཔེ་དེབ་ངོ་སྤྲོད་སྐབས། དེ་སྔ་རྒྱ་ནག་གིས་བོད་ནང་བཙན་འཛུལ་བྱས་སྐབས། བོད་ཀྱི་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་གཙོས་རྒྱལ་ཁབ་ཁག་ཁ་ཤས་ལ་རོགས་སྐྱོར་ཞུས་ཡོད་ཀྱང་། རྒྱལ་ཁབ་དེ་དག་གིས་རོགས་སྐྱོར་བྱས་མེད་པ་སོགས་ལུང་འདྲེན་གྱིས། ད་ཆ་ཁོང་རྒྱ་གར་གཞུང་གི་ལས་གནས་མཚམས་འཇོག་གནང་ནས་ལོ་བཅུ་ཙམ་འདས་ཟིན་ཡོད་ནའང་། རྒྱ་གར་གྱི་ངོས་ནས་གནས་སྐབས་ཤིག་ལ་ཐག་གཅོད་ཁ་ཤས་ནོར་འཁྲུལ་ཅན་ཞིག་བྱས་ཡོད་པ་གསུངས་བྱུང་།
ད་དུང་རྩོམ་པ་པོ་སྐུ་ཞབས་དྷི་ལིབ་སིན་ཧ་ལགས་ཀྱིས། ཁོང་གིས་དཔེ་དེབ་དེ་བརྩམས་པའི་བརྒྱུད་རིམ་ཁྲོད་རྒྱ་ནག་ཐད་ཉམས་ཞིབ་པ་དང་། བོད་གནས་ཉམས་ཞིབ་པ་སོགས་སུ་ཞིག་དང་ལྷན་དུའང་གྲོས་བསྡུར་བྱས་ནས་བརྩམས་པ་ཞིག་མ་ཡིན་པར། རྒྱ་གར་གྱི་མི་སེར་དཀྱུས་མ་ཞིག་གིས་བོད་ཀྱི་གནད་དོན་ཐོག་གཟིགས་ཕྱོགས་ཙམ་གྱི་ཚུལ་དུ་བྲིས་པ་ཞིག་ཡིན་ཞེས་གསུངས་སོང་བ་དང་། རིམ་པས་ཉམས་ཞིབ་པ་རྣམས་ཀྱིས་རྩོམ་པ་པོ་དང་ལྷན་དུ་དཔེ་དེབ་དེའི་ཐོག་མཐུན་པ་དང་མི་མཐུན་པའི་བསམ་ཚུལ་གསུངས་བའི་སྐོར་ལ་བགྲོ་གླེང་ལྷུག་པོ་གནང་སོང་།
དེའི་རྗེས་རྩོམ་པ་པོ་དྷི་ལིཔ་སིན་ཧ་(Dilip Sinha)ལགས་དང་ཁོང་གི་སྐུ་ཟླ་གཉིས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་མཇལ་མོལ་གནང་ཡོད་པ་རེད།
རྩོམ་པ་པོ་དྷི་ལིཔ་སིན་ཧ་(Dilip Sinha)ལགས་ཀྱིས་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ། རྒྱ་གར་གྱི་གཏན་འཇགས་སྐུ་ཚབ་དང་འབྲེལ་མཐུད་པའི་ཐུགས་འགན་བཞེས་མྱོང་ཡོད་པ་དང་། དེ་སྔོན་ཕྱི་ལོ་༢༠༡༠ནས་༢༠༡༢བར་རྒྱ་གར་དབུས་གཞུང་གི་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་ཁོར་ཡུག་སྲིད་བྱུས་ཀྱི་དམིགས་བསལ་དྲུང་ཆེ་ཡང་གནང་མྱོང་ཡོད་པ་རེད།


གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎