རྒྱ་གར་གྱི་གནད་ཡོད་མི་སྣ་ཞིག་གིས་བརྩམས་པའི་བོད་ཀྱི་དངོས་བྱུང་ལོ་རྒྱུས་དང་འབྲེལ་བའི་དཔེ་དེབ་ཞིག་གཞུང་འབྲེལ་གྱིས་དབུ་འབྱེད་གནང་འདུག་པའི་ནང་། བོད་འདི་རང་བཙན་གྱི་མངའ་དབང་ལྡན་པའི་རྒྱལ་ཁབ་ཡིན་པ་ར་སྤྲོད་གནང་འདུག
རྒྱ་གར་གྱི་རྒྱལ་ཚོགས་ཀྱི་སྐུ་ཚབ་ཟུར་པ་དྷི་ལིཔ་ སིན་ཧ་ (Dilip Sinha) ལགས་ཀྱིས་བརྩམས་པའི་བོད་ཀྱི་དངོས་བྱུང་ལོ་རྒྱུས་དང་འབྲེལ་བའི་དཔེ་དེབ་བོད་ནང་བཙན་རྒྱལ་བའི་རོལ་རྩེད། རྒྱལ་ཁབ་ཀྱི་གནས་བབ་དང་བདག་དབང་གི་འཐབ་རྩོད་ཅེས་པ་རྒྱ་གར་གཞུང་གི་གཞུང་འབྲེལ་ཐོག་ནས་ལྡི་ལིར་དབུ་འབྱེད་གནང་འདུག
ཕྱི་ཟླ་ ༧ ཚེས་ ༡༦ རེས་གཟའ་མིག་དམར་ཉིན། རྒྱ་གར་གྱི་གཞུང་ཚབ་ཟུར་པ་དྷི་ལིཔ་ སིན་ཧ་ (Dilip Sinha) ལགས་ཀྱིས་བརྩམས་པའི་དཔེ་དེབ་ (The Imperial Games in Tibet: The Struggle for Statehood and Sovereignty) བོད་ནང་བཙན་རྒྱལ་བའི་རོལ་རྩེད། རྒྱལ་ཁབ་ཀྱི་གནས་བབ་དང་བདག་དབང་གི་འཐབ་རྩོད། ཅེས་པ་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་དུ་དབུ་འབྱེད་གནང་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོར་བཅར་བའི་བོད་རིག་པའི་ཆེད་མཁས་པ་ ཀལོཌི་ཨརྤི་ (Claude Arpi) ལགས་སུ་མཛད་སྒོ་དེའི་ཐོག་དབུ་འབྱེད་གནང་བའི་དཔེ་དེབ་ཀྱི་ནང་དོན་སྐོར་བཀའ་འདྲི་ཞུས་པར། ཁོང་གིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་གར་སྐུ་ཚབ་ དྷི་ལིཔ་ སིན་ཧ་ (Dilip Sinha) ཡིས་བརྩམས་པའི་བོད་ནང་བཙན་རྒྱལ་བའི་རོལ་རྩེད། རྒྱལ་ཁབ་ཀྱི་གནས་བབ་དང་བདག་དབང་གི་འཐབ་རྩོད་ཅེས་པའི་དཔེ་དེབ་དེ་དབུ་འབྱེད་གནང་བར་ཧ་ཅང་དགའ་པོ་བྱུང་སོང་ལ། ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་གིས་བོད་ལ་བཙན་འཛུལ་མ་བྱས་ཀྱི་བར་བོད་རང་བཙན་ཡིན་པ་དེ་དཔེ་དེབ་དེའི་ནང་གཞུང་འབྲེལ་ཡིག་ཆའི་ཐོག་ནས་བོད་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་ར་སྤྲོད་བྱས་འདུག་ཅེས་དང་། ལྷག་པར་དུ་བོད་རང་བཙན་ཇི་ལྟར་ཤོར་ཚུལ་སོགས་ཀྱི་སྐོར་ལ་རྩོམ་བྲིས་གནང་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
ཀལོཌི་ཨརྤི་ (Claude Arpi) ལགས་ཀྱིས་མུ་མཐུད་གསུངས་ན། མཛད་སྒོ་དེ་བཞིན་རྒྱུན་ལྡན་ལྟར་ལྡི་ལི་བོད་ཀྱི་དོན་སྐུ་ཚབ་གཅོད་ལས་ཁུངས་དང་། བོད་པའི་ཚོགས་པ་ཁག་གིས་གོ་སྒྲིག་གནང་པ་ཞིག་མིན་པར། རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱིས་གོ་སྒྲིག་གནང་བ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་གསུངས་བྱུང་ལ། དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་ ཤིབ་ཤངྐར་ མེ་ནན་ (Shivshankar Menon) ལགས་གཙོས་པའི་གནད་ཡོད་མི་སྣ་ཁག་ཅིག་ཕེབས་ཡོད་པ་དང་། མཛད་སྒོའི་ཐོག་ཉེ་ཆར་ཨ་རིའི་གཞུང་གིས་གཏན་འབེབས་གནང་བའི་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་གི་སྐོར་ལའང་གྲོས་བསྡུར་གནང་ཡོད་པ་འགྲེལ་བརྗོད་གནང་བྱུང་།
དཔེ་དེབ་དེའི་རྩོམ་པ་པོ་དྷི་ལིཔ་ སིན་ཧ་ (Dilip Sinha) ལགས་ཀྱིས་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ། རྒྱ་གར་གྱི་གཏན་འཇགས་སྐུ་ཚབ་དང་འབྲེལ་མཐུད་པའི་ཐུགས་འགན་བཞེས་མྱོང་ཡོད་པ་དང་། དེ་སྔོན་ཕྱི་ལོ་ ༢༠༡༠ ནས་ ༢༠༡༢ བར་རྒྱ་གར་དབུས་གཞུང་གི་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་ཁོར་ཡུག་སྲིད་བྱུས་ཀྱི་དམིགས་བསལ་དྲུང་ཆེ་ཡང་གནང་མྱོང་ཡོད་པ་རེད།།
གསར་འགོད་པ། བསྟན་འཛིན་ཐར་འདོད།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།