བོད་ཀྱི་ཆུ་བོ་དང་གནམ་གཤིས་འགྱུར་ལྡོག་ཅེས་བའི་སྙན་ཐོ།
2015.12.18

ཨ་རིའི་རྒྱལ་སར་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་ཀྱི་ཆུ་བོ་དང་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་ཅེས་པའི་སྙན་ཐོ་བཏོན་པ།
དེ་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་ཀྱི་ཁོར་ཡུག་སྐོར་ལ་གསེར་སྔོན་པོའི་མཐོ་སྒང་སྟེ། བོད་ཀྱི་ཆུ་བོ་དང་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་ཅེས་པའི་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པ་དང་། དེ་ནི་འཛམ་གླིང་གི་དབུ་ཁྲིད་ཚོས་ཧྥ་རན་སིའི་རྒྱལ་ས་པེ་རེ་སིར་གནམ་གཤིས་འགྱུར་ལྡོག་སྐོར་གྲོས་མོལ་གནང་ནས་ཚ་དྲོད་ཆུང་དུ་གཏོང་ཐབས་ལ་གྲོས་འཆམ་བྱུང་བའི་རྗེས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཞིབ་འཇུག་གནང་པའི་གོང་གསལ་སྙན་ཐོ་འདི་བཏོན་པའི་ནང་དུ། ཉམས་ཞན་པའི་བོད་ཀྱི་རང་འབྱུང་ཁོར་ཡུག་འདི་ནི་ས་གནས་གཞན་དག་ལས་ཀྱང་གནམ་གཤིས་འགྱུར་ལྡོག་མགྱོགས་པ་ཡོད་པ་ནི་ཧ་ཅང་གིས་གལ་འགངས་ཆེན་པོའི་གནས་ཚུལ་ཡིན་ན་ཡང་དེ་ལྷོད་གཡེང་གཏོང་ཉན་གྱི་མ་རེད། དེ་ཡང་རྒྱ་ནག་གཞུང་གིས་བོད་ཀྱི་ས་མཐོར་ཆུ་མཛོད་རྒྱབ་པ་དང་། གང་བྱུང་གིས་འཛུགས་སྐྲུན་བྱས་པ་ལས་ཁོར་ཡུག་ལ་གནོད་སྐྱོན་བྱུང་བའི་སྐོར་འཁོད་ཡོད་པ་རེད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གསར་པ་སྐུ་ཞབས་མེ་ཐིའུ་མེ་ཁ་ཅི་Matteo Mecacciཡིས་གསུངས་ཡས་ལ། པེ་རེ་སིར་གནམ་གཤིས་འགྱུར་ལྡོག་སྐོར་གྲོས་མོལ་ནང་། ༧གོང་ས་ཏ་ལའི་བླ་མ་མཆོག་དང་རྒྱ་ནག་གི་འགོ་ཁྲིད་གཉིས་ཀས་འཛམ་གླིང་གི་ཡངས་རྩེ་བོད་ཀྱི་ཁོར་ཡུག་ལ་ཉེན་ཚབས་ཆེན་པོ་ཡོད་པ་སྐོར་གསུང་ཡོད།
ལྷོ་སྣེ་དང་བྱང་སྣེ་ཐེ་བའི་འཛམ་གླིང་གི་སྣེ་མོ་གསུམ་པ་ཞེས་འབོད་པའི་བོད་ཀྱི་འཁྱག་རོམས་མགྱོགས་མྱུར་བཞུར་འགྲོ་བ་དེས་བོད་ཀྱི་གནམ་གཤིས་འགྱུར་བ་ཕྱིན་པ་དང་། དེས་ཨེ་ཤེ་ཡའི་གནམ་གཤིས་ལའང་ཤུགས་རྐྱེན་བཏང་པ་མ་ཟད། ཡུ་རོབ་ཀྱི་གནམ་གཤིས་ལའང་འབྲེལ་བ་ཡོད་ལུགས་སོགས་གསུང་ཡོད་ལུགས་བཀོད་འདུག་ལ།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་རི་ཆ་ཌི་སྒེར་ Richard Gereཡིས་གསུངས་དོན། རྒྱ་ནག་གི་འགོ་ཁྲིད་ཚོས་ཁོར་ཡུག་ལ་ཉེན་ཚབས་ཆེན་པོ་ཡོད་པ་ཁས་ལེན་བྱས་ཡོད་ལ་རྒྱ་ནག་གི་ཁོར་ཡུག་སྲུང་སྐྱོབ་མི་སྣ་ཚོས་མཐོ་སྒང་བོད་ལ་སྲུང་སྐྱོབ་བྱ་རྒྱུར་བོད་མི་ཚོ་མཉམ་བཞུགས་བྱ་རྒྱུའི་སྐོར་གསུང་པ་དང་། དེ་བཞིན་སྙན་ཞུ་དེའི་ནང་། བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་གང་འདྲ་བྱས་ནས་ཕྱིན་ཡོད་པ་སོགས་ཀྱི་སྐོར་འཁོད་ཡོད་པ་རེད།
གསར་འགོད་པ་ཚེ་བརྟན་རྡོ་རྗེ།