ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་ཐད་ཨ་རི་མི་མང་གི་བསམ་ཚུལ།
2011.01.30
༄༅༎རྒྱ་ནག་གི་ཕྱོགས་ནས་ཨ་རི་དང་འབྲེལ་བ་གོང་འཕེལ་བཏང་བ་བརྒྱུད་མ་དངུལ་འཕོན་ཆེ་མ་རྩ་འཛུགས་ཏེ། རྒྱ་ནག་གི་མཐོང་ཚུལ་རྒྱལ་སྤྱིའི་ནང་གོང་འཕེལ་གཏོང་ཐབས་བྱས་ཡོད་ཀྱང་ཨ་རིའི་མི་དམངས་ཀྱི་བསམ་ཚུལ་བསྡུ་ལེན་བྱས་པའི་སྐབས། མི་དམངས་བརྒྱ་ཆ་༨༠ ཡིས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་གི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པའི་སྐོར་ལ། ཧྲང་ཧད་ཡི་ཅའོ་ཐོང་མཐོ་རིམ་སློབ་གཉེར་ཁང་གི་ཞིབ་འཇུག་པས་བཤད་ཡོད་པ་མ་ཟད། ཁོང་ཚོས་རྒྱ་ནག་དང་ཨ་རིའི་དབར་ལ་གཞི་རྩའི་ལྟ་གྲུབ་མི་མཐུན་པ་ཡོད་པ་དེ་གསལ་བཏོན་བྱས་ཡོད་པ་རེད། བསམ་ཚུལ་བསྡུ་ལེན་གྱི་ཞིབ་འཇུག་གི་གྲུབ་འབྲས་དེ་ནི། རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིན་ཐའོ་ཨ་རིའི་འཚམས་འདྲི་ཚར་ནས་གཟའ་འཁོར་གཅིག་ཕྱིན་པའི་རྗེས་སུ་བཏོན་པ་ཞིག་ཡིན་པ་དང༌། ཞིབ་འཇུག་དེའི་ནང་ཨ་མི་རི་ཀ་བ་གསུམ་ཆ་གཉིས་ལྷག་གམ་བརྒྱ་ཆ་༧༠ ཐམ་པ་ཙམ་གྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་ལས་དོན་ནི་གཙོ་གནད་ཡིན་པའི་བསམ་ཚུལ་བཤད་ཡོད་པ་མ་ཟད། མི་དམངས་བརྒྱ་ཆ་༦༠ཙམ་གྱིས་ཨ་མི་རི་ཀ་ཡིས་རྒྱ་ནག་དང་ཚོང་འབྲེལ་བཅད་པ་ཡིན་ཚེ། ཨ་མི་རི་ཀར་དཔལ་འབྱོར་འཕེལ་རྒྱས་ལ་དོགས་འཕོག་འགྲོ་བ་ལས་རྒྱ་ནག་ལ་དེ་ལས་ལྷག་པའི་དཀའ་ངལ་ཆེན་པོར་འགྱུར་རྒྱུ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་བཀོད་འདུག།