རྒྱ་ནག་གཞུང་གིས་རྒྱལ་ནང་ཙམ་མ་ཟད་རྒྱལ་སྤྱིའི་ནང་སྨྲ་བརྗོད་རང་དབང་འཕྲོག་འདུག


2018.01.19
རྒྱ་ནག་ཧྲང་ཧེ། ༢༠༡༦ རྒྱ་ནག་ཧྲང་ཧེ། ༢༠༡༦
hrw.org

རྒྱ་ནག་གཞུང་ནས་༢༠༡༧ལོར་རྒྱ་ནག་ནང་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བ་ཙམ་དུ་མ་ཟད། རྒྱལ་སྤྱིའི་ཐོག་ལའང་རྒྱ་ནག་ལ་ངོ་རྒོལ་སྐྱོན་བརྗོད་བྱ་མཁན་ཚོའི་སྨྲ་བརྗོད་ཀྱི་རང་དབང་ལ་དམ་དྲག་གི་གནོན་ཤུགས་སྤྲོད་ཐབས་བྱས་ཡོད་པ་སོགས་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་བརྗོད་འདུག
དེ་ཡང་ཚེས་༡༨རེས་གཟའ་ཕུར་བུའི་ཉིན་(Human Rights Watch)འམ་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས། ༢༠༡༨ལོའི་རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་སྐོར་ལོ་འཁོར་གྱི་སྙན་ཐོ་འདོན་སྤེལ་བྱས་ཞིང་། དེའི་ནང་ ༢༠༡༧ལོར། རྒྱ་ནག་ནང་གཞུང་ཕྱོགས་དང་ལྟ་བ་མི་མཐུན་རིགས་ལ་འཛིན་བཟུང་བཀག་ཉར་དང་ཚ་ནན་འདྲི་རྩད་ལ་སོགས་པའི་དམ་དྲག་དང་དྲག་གནོན་གྱི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་པའི་ཁར། རྒྱ་ནག་གི་ཕྱི་ལ་ཡོད་པའི་ཐེ་ཝན་དང་། ཧོང་ཀོང་ལྟ་བུའི་ནང་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་ལ་ཚད་བཀག་གི་ཐེ་ཇུས་བྱེད་བཞིན་ཡོད་པ་དཔེར་ན། ༢༠༡༤ལོར་ཧོང་ཀོང་ནང་སློབ་ཕྲུག་གི་སྣེ་འཁྲིད་པའི་དམངས་གཙོའི་ཐོབ་ཐང་རྩོད་ལེན་བྱ་མཁན་སློབ་ཕྲུག་གི་འགོ་ཁྲིད་གསུམ་ལ་བཙོན་དུས་ཀྱི་ཉེས་ཆད་བཀེལ་དུ་བཅུགས་པའི་གནས་ཚུལ་དང་། དེ་བཞིན་(Lee Ming-che)་ཞུ་བའི་ཐེ་ཝན་གྱི་དམངས་གཙོའི་ལས་འགུལ་བ་ཞིག་ལ་རྒྱ་ནག་སྐམ་ས་ཆེན་མོའི་དབང་ཤུགས་རྩ་གཏོར་གཏོང་ཐབས་བྱེད་པའི་ཉེས་མིང་འོག་ལོ་ལྔའི་བཙོན་དུས་ཁྲིམས་ཐག་བཅད་པ་སོགས་ཕྱིའི་རྒྱལ་ཁབ་ཀྱི་རང་དབང་ལ་ཐེ་ཇུས་ཀྱི་གནས་ལུགས་ལུང་འདྲེན་བྱས་འདུག ལྷག་པར་དུ་གོང་གསལ་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་སྙན་ཐོའི་ནང་ ༢༠༡༧ལོར། རྒྱ་ནག་གཞུང་གིས་བོད་ནང་དགོན་སྡེ་གྲྭ་ཚང་གཏོར་བཤིག་དང་གྲ་བཙུན་ཕྱིར་འབུད། དེ་བཞིན་བཙན་ཤེད་ཀྱི་ལམ་ནས་བོད་མི་མང་ཚོགས་ཁྲོད་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་ལ་སོགས་པ་སྔར་ལྷག་སྤེལ་སྟེ། བོད་མིའི་ཆོས་དད་རང་དབང་དང་། སྨྲ་བརྗོད་ཀྱི་རང་དབང་འགྲོ་འོང་གི་རང་དབང་། འདུ་འཛོམས་ཀྱི་རང་དབང་བཅས་པར་དམ་དྲག་མུ་མཐུད་བྱེད་བཞིན་ཡོད་པའི་གནས་སྟངས་གསལ་འདོན་བྱས་འདུག
གོང་གསལ་སྙན་ཐོའི་ནང་གསལ་བར་ ༢༠༡༦ལོར་རྒྱལ་ཚོགས་ཀྱི་དམིགས་གསལ་འགྲོ་བ་མིའི་ཐོབ་ཐང་རྟོགས་མི་སྣ་དྲག་གིས། གསེར་རྟ་བླ་རུང་སྒར་ནང་བསྟན་སློབ་གླིང་གི་གྲ་བཙུན་སྟོང་ཚོ་མང་པོ་བཙན་ཤེད་ཀྱིས་ཕྱིར་འབུད་བྱས་པའི་གནད་དོན་ཐད་རྒྱ་ནག་གཞུང་ལ་འདྲི་རྩད་བྱས་ཀྱང་ཡ་ལན་གསལ་བཤད་གཅིག་ཀྱང་མ་བྱུང་བའི་གནས་ཚུལ་དང་། དེ་བཞིན་༢༠༡༧ལོར། བོད་ནང་ཆོས་ཞུ་བ་སྟོང་ཕྲག་མང་པོ་རྒྱ་གར་ནང་བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཞུ་བར་བསྐྱོད་སྐབས། རྒྱ་ནག་གཞུང་ནས་བོད་མི་དེ་དག་བོད་ནང་ཕྱིར་ལོག་བྱ་དགོས་པའི་བཀོད་ཁྱབ་བཏང་བ་དང་། བོད་མི་གནས་མཇལ་བའི་འགྲིམ་འགྲུལ་ལག་ཁྱེར་བཙན་འཕྲོག་བྱས་པའི་གནས་ལུགས། གཞན་ཡང་༢༠༡༧ལོར། ཟི་ཁྲོན་ཞིང་ཆེན་ཁོངས་སུ་ཡོད་པའི་དཔལ་ཡུལ་རྗོང་དང་། མཚོ་སྔོན་ཞིང་ཆེན་བཅས་པའི་ནང་། ས་གནས་རྒྱ་ནག་གཞུང་ནས་བོད་མིའི་ས་ཞིང་བཙན་འཕྲོག་བྱས་པའི་རྐྱེན་ངོ་རྒོལ་གྱི་དོན་རྐྱེན་རིམ་པ་བྱུང་ཡང་བོད་མིའི་བདེ་སྡུག་ལ་ངོས་ལེན་བསམ་ཤེས་གང་ཡང་བྱུང་མེད་པའི་གནས་ལུགས་སོགས་སྙན་ཐོའི་ནང་འགྲེལ་བརྗོད་བྱས་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ་དང་བོད་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎