ཐེ་ཝན་ནང་ཧོང་ཀོང་གི་གནས་སྟངས་ལ་རྒྱབ་སྐྱོར་དགོས་བའི་ལས་འགུལ་སྤེལ་འདུག
2020.06.09

ཧོང་ཀོང་ནང་དོགས་ཡོད་ཉེས་ཅན་ཚོ་རྒྱ་ནག་ལ་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་ངོ་རྒོལ་བྱས་ནས་ལོ་གཅིག་འཁོར་པའི་དུས་དྲན་དང་བསྟུན་ཐེ་ཝན་ནང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་བཅས་ནས་ཧོང་ཀོང་གི་གནས་སྟངས་ལ་རྒྱབ་སྐྱོར་དགོས་པའི་ལས་འགུལ་སྤེལ་འདུག
ཟླ་འདིའི་སྤྱི་ཚེས་༩་ཉིན་མོ་ནི། ཧོང་ཀོང་ནང་དོགས་ཡོད་ཉེས་ཅན་ཚོ་རྒྱ་ནག་ལ་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་ངོ་རྒོལ་བྱས་ནས་ལོ་གཅིག་འཁོར་གྱི་ཡོད་པར་བརྟེན་ཐེ་ཝན་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་དང་། དེ་བཞིན་ཧོང་ཀོང་ནང་སྐྱེས་ནས་ཐེ་ཝན་ནང་འཚར་ལོངས་བྱེད་པའི་སྐུ་ཚབ་ཁག་ཐེ་ཝན་སྲིད་འཛིན་གྱི་ལས་ཁུངས་མདུན་དུ་འདུ་འཛོམས་ཀྱིས། ཧོང་ཀོང་མི་དམངས་ཀྱི་རང་དབང་འཐབ་རྩོད་མུ་མཐུད་གནས་བཞིན་ཡོད་པ་དང་། ཐེ་ཝན་མི་དམངས་དེའི་ཐད་རྒྱབ་སྐྱོར་མུ་མཐུད་ཡོང་བ་ཞེས་པའི་བརྗོད་གཞིའི་ཐོག རིང་མིན་སྤྱི་ཟླ་དྲུག་པའི་ཚེས་༡༣་ཉིན་གྱི་དགོང་དྲོར་དགོང་ཚོགས་ཞིག་འདུ་སྐོང་བྱ་རྒྱུ་ཡིན་ཞེས་བསྒྲགས་བྱས་པ་དང་། དེ་བཞིན་ཧོང་ཀོང་མི་སེར་ཚོ་ཐེ་ཝན་ནང་སྐྱབས་བཅོལ་ཞུ་ཕྱོགས་ཐད་ཐེ་ཝན་གཞུང་གིས་ཆོག་མཆན་དང་རྒྱབ་སྐྱོར་གནང་ཕྱོགས་བཅས་ཀྱི་ནང་དོན་བཀོད་པའི་དམངས་ཁྲོད་ཀྱི་ཧོང་ཀོང་དང་། མཡེ་ཁོ་(Macau)་ལ་རྒྱབ་སྐྱོར་ཞེས་པའི་ཁྲིམས་འཆར་བཏོན་འདུག ཁོང་ཚོས་བསྒྲགས་གཏམ་ཐོག་ཐེ་ཝན་གཞུང་ལ་ཧོང་ཀོང་ཡིན་ཁུལ་གྱིས་རྒྱ་ནག་གི་ཁེ་གཉེར་ལས་ཁུངས་ཐེ་ཝན་ནང་ཡོང་མཁན་དེ་དག་སྟངས་འཛིན་བྱེད་དགོས་ཞེས་དང་། དེ་བཞིན་ཧོང་ཀོང་ནང་གཞུང་གི་རྒྱབ་གཉེར་འོག་མི་དམངས་ལ་སྡུག་སྤྱོང་གཏོང་མཁན་ཉེན་རྟོག་ཇག་ཚོགས་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་ཧོང་ཀོང་དཔོན་རིགས་དེ་ཚོ་ཐེ་ཝན་ནང་ཡོང་རྒྱུར་བཀག་བསྡོམས་བྱེད་དགོས་ཞེས་འབོད་སྐུལ་ཞུས་འདུག
དེ་དང་ཕྱོགས་མཚུངས་ཐེ་ཝན་གཞུང་གིས་ཧོང་ཀོང་ལ་རྒྱབ་སྐྱོར་ཡོད་པའི་ཁྲིམས་ལུགས་མང་དུ་བཟོས་དགོས་ཞེས་འབོད་སྐུལ་ཞུས་འདུག