ཧོང་ཀོང་གི་དེབ་ཚོང་བ་གསུམ་པོ་དངུལ་གྱི་གཏའ་མའི་འོག་གློད་རྒྱུ།
2016.03.03
དེ་ཡང་ཉེ་ཆར་གར་སོང་ཆ་མེད་གྱུར་པའི་ཧོང་ཀོང་གི་དེབ་ཚོང་མཁན་མི་གསུམ་པོ་དེ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་བཞག་ཡོད་པ་དང་། དེ་རིང་རྒྱ་ནག་ཏུ་ཁོང་གསུམ་ལ་མུ་མཐུད་ཞིབ་འཇུག་བྱ་བཞིན་པའི་ཐོག་དངུལ་གྱི་གཏའ་མ་བཞག་ནས་ཉིན་ཤས་ནང་ཚུད་གློད་བཀྲོལ་གཏོང་རྒྱུ་ཡིན་ལུགས་བཤད་འདུག
ཧོང་ཀོང་གི་ཉེན་རྟོག་པས་བཤད་པར་གཞིགས་ན། ཀོང་ཏུང་ཞིང་ཆེན་གྱི་སྤྱི་ཚོགས་བདེ་འཇགས་ལས་ཁུངས་ནས་ཧོང་ཀོང་གི་ཡུལ་མི་Lui Porདང་། Cheung Chi-pingདེ་བཞིན་Lam Wing-keeགསུམ་ནས་དངུལ་གྱི་གཏའ་མ་ལེན་ནས་གློད་བཀྲོལ་གཏོང་རྒྱུ་་ཡིན་པའི་བརྡ་ལན་སྤྲད་ཡོད་པ་དང་། ཁོང་གསུམ་ལ་ནག་ཉེས་ཡོད་མེད་ཐག་གཅོད་གཙང་མ་བྱེད་ཐུབ་མེད་སྟབས་མུ་མཐུད་ཞིབ་འཇུག་བྱ་རྒྱུ་ཡིན་སྐོར་རྒྱ་ནག་གིས་བཤད་ཡོད་འདུག
ཧོང་ཀོང་གི་དེབ་ཚོང་མཁན་མི་གསུམ་དེ་སྔ་ལོའི་ཕྱི་ཟླ་བཅུ་པའི་ནང་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཁོང་གསུམ་དང་Gui Minhaiཟེར་བའི་མི་གཞན་ཞིག་བཅས་ཀྱིས་རྒྱ་ནག་ནང་ཁྲིམས་འགལ་གྱི་ཐོག་ནས་དེབ་ཚོང་གི་ཚོང་ལས་བྱས་པའི་ནག་ཉེས་ངོས་ལེན་བྱས་ཡོད་ཚུལ་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གི་བརྙན་འཕྲིན་ཐོག་སྟོན་ཡོད་འདུག
དེ་བཞིན་Lee Boཟེར་བའི་མི་ལྔ་པ་ཞིག་ལའང་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གི་བརྙན་འཕྲིན་ལས་ཁང་གིས་བཅར་འདྲི་བྱས་ཡོད་པ་རེད། Leeནི་དབྱིན་ཇིའི་ཡུལ་མི་ཡིན་པ་དང་། རྒྱ་ནག་གཞུང་གིས་ཁོ་པ་བཙན་ཁྲིད་དེ་འདྲ་གང་ཡང་བྱས་མ་སོང་ཞེས་ཁོ་པས་བརྙན་འཕྲིན་ཐོག་ནན་བཤད་བྱས་ཡོད་འདུག།
གསར་འགོད་པ་ཚེ་དབང་དངོས་གྲུབ།