ཧོང་ཀོང་གི་དཔོན་རིགས་ཁག་ཅིག་ལ་ཉེས་ཆད་གཅོད་དགོས་པའི་འབོད་སྐུལ་ཞུས་འདུག


2018.10.15
ཧོང་ཀོང་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་སློབ་ཕྲུག་མང་པོ་ཨ་རིའི་གཞུང་ཚབ་ཁང་གི་སྒོ་འགྲམ་དུ། ཧོང་ཀོང་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་སློབ་ཕྲུག་མང་པོ་ཨ་རིའི་གཞུང་ཚབ་ཁང་གི་སྒོ་འགྲམ་དུ།
ལས་འགུལ་བ། /Edward Wong

ཧོང་ཀོང་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་སློབ་ཕྲུག་མང་པོ་ཨ་རིའི་གཞུང་ཚབ་ཁང་གི་སྒོ་འགྲམ་དུ་འདུ་འཛོམས་ཀྱིས་གྲོང་ཁྱེར་དེའི་ནང་མང་གཙོའི་ལམ་ལུགས་ཉམས་རྒུད་དུ་གཏོང་མཁན་ཧོང་ཀོང་གི་དཔོན་རིགས་ཁག་ཅིག་ལ་ཉེས་ཆད་གཅོད་དགོས་པའི་འབོད་སྐུལ་ཞུས་འདུག
དེ་ཡང་ལྷོ་རྒྱ་ནག་ཕོ་ཉ་ཞེས་པའི་གསར་ཁང་གིས་སྤྱི་ཚེས་༡༥་ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཧོང་ཀོང་ནང་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གི་སྒོ་འགྲམ་དུ་ཧོང་ཀོང་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་སློ་ཕྲུག་མང་པོ་འདུ་འཛོམས་ཀྱིས་གཟའ་ཉི་མའི་ཉིན་གྱི་དགོང་མོ་ནས་གཟའ་ཟླ་བ་ཉིན་གྱི་སྔ་དྲོའི་བར་དུ། ཨ་རིའི་གཞུང་ལ་ཧོང་ཀོང་གི་དཔོན་རིགས་ཚོས་མང་གཙོའི་ཁས་ལེན་དམ་བཅའི་རྩ་དོན་དེ་རིམ་བཞིན་ཉམས་ཆགས་སུ་གཏོང་བཞིན་པའི་གནད་དོན་ལ་ཉེས་ཆད་གཅོད་དགོས་པའི་ངོ་རྒོལ་འབོད་སྐུལ་ཞུས་འདུག
རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་ནི་ཧོང་ཀོང་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་སློབ་ཕྲུག་ཚོགས་པའི་འཐུས་མི་ཁག་ཅིག་དང་དེ་བཞིན་ཁོང་ཚོར་རྒྱབ་སྐྱོར་བྱེད་མཁན་བཅས་ཁྱོན་མི་༡༠༠་ཙམ་ཡོད་འདུག ཁོང་ཚོས་སློབ་ཕྲུག་རང་བཙན་མཐུན་ཚོགས་ཀྱི་ཚོགས་གཙོ་(Wayne Chan Ka-kui)གྱིས་སྣེ་ཁྲིད་འོག་ཧོང་ཀོང་སྲིད་གཞུང་སྤྱི་ཁྱབ་ལས་ཁུངས་དང་ཐག་ཉེ་སར།  ས་ཞིང་བདག་དབང་བསྐྱར་རྩོད་སྐོར་ཀྱི་ངོ་རྒོལ་ལས་འགུལ་ལོགས་སུ་སྤེལ་གནང་རྗེས་ལག་ཏུ་ཧོང་ཀོང་རང་བཙན་ཡིན་པ་དང་། དེ་བཞིན་ཧོང་ཀོང་ནི་རྒྱ་ནག་མ་རེད་ཅེས་བྲིས་པའི་འཕྲེད་དར་འཁྱེར་ཏེ་ཧོང་ཀོང་གྲོང་ཁྱེར་དུ་རྟེན་གཞི་བྱས་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་བར་དུ་གོམ་བགྲོད་གནང་བ་དང་། གཟའ་ཟླ་བའི་སྔ་དྲོའི་བར་དུ་ངོ་རྒོལ་བ་བཅུ་ཕྲག་ཁ་ཤས་མུ་མཐུད་དེར་བསྡད་དེ་ཨ་རིའི་གཞུང་ཚབ་ཀྱི་མགྲིན་ཚབ་པ་(Harvey Sernovitz) ལ་འབོད་སྐུལ་ཡི་གེ་ཞིག་འབུལ་ལམ་ཞུས་འདུག
ཨ་རིའི་གཞུང་ཚབ་བརྒྱུད་ཧོང་ཀོང་འགོ་ཁྲིད་ཚོས་ངོ་རྒོལ་འདུ་འཛོམས་བྱེད་མི་ཚོར་ངོ་རྒོལ་འདུ་འཛོམས་དེ་ནི་ཆོག་མཆན་ཞུས་མེད་པ་དང་། ཁྲིམས་མཐུན་མེད་པའི་འདུ་འཛོམས་ཡིན་པས་ཉེས་ཆད་གཅོད་སྲིད་པའི་ཉེན་བརྡ་བཏང་འདུག ཧོང་ཀོང་ནི་སྤྱི་ལོ་༡༩༩༧ལོར་དབྱིན་ཇིའི་མངའ་འོག་ནས་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་ནས་བཟུང་། རྒྱ་ནག་གཞུང་གིས་ཧོང་ཀོང་གི་ཕྱེད་རང་སྐྱོང་གི་གནས་བབ་དེ་ཁས་ལེན་བྱས་ཡོད་མིན་ལ་ལྟོས་པར། ཆབ་སྲིད་ཀྱི་ཐེ་བྱུས་ཤུགས་ཆེ་རུ་འགྲོ་བཞིན་པའི་གནས་སྟངས་འོག་ཧོང་ཀོང་རང་བཙན་རྩོད་ལེན་གྱི་དར་ཆ་འཕྱར་མཁན་ཡང་འབུར་དུ་ཐོན་ཡོད་པ་ཞིག་རེད།

གསར་འགོད་པ་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎