རྒྱ་ནག་གིས་ཧོང་ཀོང་རྩིས་ལེན་སྐབས་ཁས་ལེན་བྱས་བ་ཁག་ལག་བསྟར་བྱེད་དགོས་པ་དབྱིན་ཇིའི་སྲིད་བློན་མཆོག་གིས་གསུངས་འདུག
དབྱིན་ཇིའི་རྒྱལ་ས་ལོན་ཊོན་ནས་རོའུ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཧོང་ཀོང་གི་བདག་དབང་དབྱིན་ཇིའི་མངའ་འོག་ནས་རྒྱ་ནག་ལ་རྩིས་སྤྲོད་བྱས་སྟེ་མི་ལོ་༢༥འཁོར་བའི་དུས་སྟོན་དང་འབྲེལ་དབྱིན་ཇིའི་སྲིད་བློན་སྐུ་ཞབས་(Boris Johnson) གིས་བརྙན་ཐུང་ཞིག་འགྲེམས་སྤེལ་གནང་ཡོད་པ་དེའི་ནང་། ཁོང་གིས་དབྱིན་ཇིས་ཧོང་ཀོང་གི་བདག་དབང་རྒྱ་ནག་ལ་རྩིས་སྤྲོད་བྱས་ནས་མི་ལོ་༢༥འཁོར་གྱི་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་གིས་ཧོང་ཀོང་དམངས་གཙོའི་རང་དབང་གི་ཐོབ་ཐང་སོགས་ཀྱི་ཐད་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་འཛིན་རྒྱུའི་ཁས་ལེན་དམ་བཅའ་བཞག་པ་ཁག་ངེས་པར་དུ་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་དགོས་བ་དང་། དེ་ཡོང་ཐབས་སུ་དབྱིན་ཇིའི་གཞུང་གིས་ཐབས་ཤེས་གང་ཡོད་འབད་བརྩོན་བྱེད་རྒྱུ་ཡིན་ལུགས་གསལ་སྟོན་གནང་འདུག
ཡང་སྲིད་བློན་(Boris Johnson) གིས་རྒྱ་ནག་གཞུང་གིས་ཐོག་མར་སྤྱི་ལོ་༡༩༩༧ལོར་དབྱིན་ཇི་ནས་ཧོང་ཀོང་གི་བདག་དབང་རྩིས་ལེན་བྱས་པའི་སྐབས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་བྱུས་འཛིན་རྒྱུའི་དམ་བཅའ་ཁས་ལེན་བྱས་ཡོད་ཀྱང་དེར་འགན་ལེན་བྱས་མེད་པ་རེད་ཅེས་དང་། ལྷག་པར་དུ་སྤྱི་ལོ་༢༠༢༠ལོར་རྒྱ་ནག་གཞུང་གིས་ཧོང་ཀོང་ཐོག་དམིགས་སྟེ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཟེར་བའི་ཁྲིམས་གཞི་གསར་པ་ལག་བསྟར་བྱས་པ་དང་། ཧོང་ཀོང་ནང་གི་འོས་བསྡུའི་ལམ་ལུགས་ལ་འགྱུར་བ་བཏང་བ་སོགས་ཀྱི་ཐོག་ནས་ཧོང་ཀོང་མི་མང་གི་རང་དབང་དང་། དམངས་གཙོར་བརྩི་མེད་རྡོལ་རོལ་བཏང་ཡོད་པའི་ཐད་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་དང་། ཕྱི་ཟླ་བདུན་པའི་ཚེས་༡ཉིན་དབྱིན་ཇིའི་གཞུང་གིས་ཧོང་ཀོང་གི་བདག་དབང་རྒྱ་ནག་ལ་རྩིས་སྤྲོད་བྱས་སྟེ་མི་ལོ་༢༥འཁོར་བའི་དུས་དྲན་གྱི་ཉིན་མོར་ང་ཚོས་ཧོང་ཀོང་གི་ད་ལྟའི་གནས་སྟངས་དེར་ཐུགས་སྣང་གནང་དགོས་པ་ལས་གཡོལ་ཐབས་མེད་པ་དང་། རྒྱ་ནག་གཞུང་གིས་ད་བར་ཧོང་ཀོང་ཐོག་དམ་བཅའ་ཁས་ལེན་བྱས་པའི་རྩ་དོན་ཁག་རྩིས་མེད་དུ་བཏང་བར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་མ་ཟད། དབྱིན་ཇིའི་གཞུང་གིས་རྒྱ་ནག་གི་ཐོག་མའི་དམ་བཅའ་ཁས་ལེན་བྱས་བ་ཁག་ལག་བསྟར་ཡོང་རྒྱུར་འབད་བརྩོན་གནང་རྒྱུ་ཡིན་ལུགས་གསལ་སྟོན་གནང་འདུག
གཞན་ཐེ་ཝན་གྱི་སྲིད་བློན་(Su Tseng Chang)་མཆོག་གིས་ད་ལྟའི་ཆར་རྒྱ་ནག་གཞུང་གི་སྟངས་འཛིན་དབང་བསྒྱུར་འོག་ཧོང་ཀོང་ནང་གི་རང་དབང་དང་དམངས་གཙོའི་ལམ་ལུགས་ཁག་མེད་པར་གྱུར་ཡོད་པ་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ཧོང་ཀོང་ནང་འབྱོར་ནས་དེ་སྔོན་དབྱིན་ཇིའི་ལག་ནས་ཧོང་ཀོང་བདག་དབང་རྒྱ་ནག་གཞུང་གིས་རྩིས་ལེན་བྱས་ནས་ལོ་༢༥འཁོར་བའི་ཉིན་གསུངས་འདུག
གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།