ཞི་ཅིན་ཕིན་ནི་སྲིད་དབང་སྒེར་གཅོད་པ་ཞིག་ཡིན་པར་བརྟེན་ཡིད་ཆེས་བྱེད་མི་རུང་བ་དེ་སྔའི་ཧོང་ཀོང་གི་སྤྱི་ཁྱབ་པས་བརྗོད་འདུག

དེ་ཡང་སྤྱི་ལོ་༡༩༩༧ལོའི་ཕྱི་ཟླ་༧ཚེས་༡ཉིན་དབྱིན་ཇིའི་དབང་འོག་ཏུ་ཡོད་པའི་ཧོང་ཀོང་དེ་བཞིན་རྒྱ་ནག་ལ་རྩིས་སྤྲོད་བྱས་ནས་ད་ཆ་ལོ་ངོ་༢༧འཁོར་ཡོད་པ་དང་། ཉིན་དེའི་སྔ་ནུབ་ཏུ་ལོན་ཌོན་དུ་རྟེན་གཞི་བྱས་པའི་ཧོང་ཀོང་ལྟ་རྟོག་ཁང་གིས་ཁྱབ་བསྒྲགས་བྱས་པའི་བརྙན་འཕྲིན་ནང་། དབྱིན་ཡུལ་དང་མཉམ་དུ་ཧོང་ཀོང་གིས་ལོ་ངོ་༥༠རིང་ཁས་ལེན་བྱས་པའི་རང་སྐྱོང་དང་རང་དབང་གི་སྤྱི་ཚོགས་ཀྱི་གནས་བབ་ལ་བརྩི་བཀུར་བྱེད་རྒྱུའི་ཁས་ལེན་ལ་རྒྱབ་འགལ་གྱིས་ད་ཆ་པེ་ཅིན་གྱིས་སྲིད་དབང་སྒེར་འཛིན་གྱི་ལམ་ལུགས་ཧོང་ཀོང་ནང་ལག་བསྟར་བྱེད་བཞིན་ཡོད་པ་དེས་ཧོང་ཀོང་གི་རང་དབང་དང་ཐོབ་ཐང་ཡོངས་སུ་རྩ་མེད་བཏང་ཡོད་པ་དང་། ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ནི་ཧོང་ཀོང་སྐོར་གྱི་༡༩༨༤ལོར་དབྱིན་ཇིའི་དང་མཉམ་དུ་བཞག་པའི་ཆིངས་ཡིག་གཏོར་བཤིག་གཏོང་མཁན་“སྲིད་དབང་སྒེར་གཅོད་པ་”ཞིག་ཡིན་པར་བརྟེན་ཡིད་ཆེས་བྱེད་མི་རུང་བ་ཞིག་ཡིན་པ་ཧོང་ཀོང་དབྱིན་ཇིས་དབང་འཛིན་བྱེད་བཞིན་པའི་སྐབས་ཀྱི་སྤྱི་ཁྱབ་(Chris Patten)་ལགས་ཀྱིས་གསུངས་འདུག
ཕྱི་ལོ་༡༩༨༤་ལོར་དབྱིན་ཇིའི་སྲིད་བློན་(Margaret Thatcher)་དང་རྒྱ་ནག་གི་གཙོ་འཛིན་ཀྲའོ་ཙེ་ཡང་གཉིས་ཀྱིས་མིང་རྟགས་བཀོད་པའི་ཆིངས་ཡིག་འོག ཧོང་ཀོང་ལ་རྒྱ་ནག་གི་བདག་དབང་འོག་རང་སྐྱོང་དང་དབྱིན་ཇིའི་ལྟ་བའི་ཁྲིམས་ལུགས་ལམ་ལུགས་དེ་ཉུང་མཐར་ཡང་ཕྱི་ལོ་༢༠༤༧བར་གནས་རྒྱུའི་ཆིངས་ཡིག་ལ་ཁས་ལེན་བྱས་ཡོད་པ་རེད།།
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།