རྒྱལ་ཁབ་ཀྱི་རང་དབང་ལ་ཉེན་ཁ་བཟོ་མཁན་ཚོར་ངོ་རྒོལ་བྱེད་དགོས་པ་བརྗོད་འདུག
2017.10.11
ཧོང་ཀོང་ས་གནས་སྲིད་གཞུང་གི་སྤྱི་ཁྱབ་འགན་འཛིན་གྱིས་རྒྱལ་ཁབ་ཀྱི་རང་དབང་ལ་ཉེན་ཁ་བཟོ་མཁན་ཚོར་མཐའ་ཅིག་ཏུ་ངོ་རྒོལ་བྱེད་དགོས་ལུགས་བརྗོད་འདུག
ཕྱི་ཟླ་ ༡༠ ཚེས་༡༡་གཟའ་ལྷག་པའི་ཉིན་ཧོང་ཀོང་ས་གནས་སྲིད་གཞུང་གི་སྤྱི་ཁྱབ་པ་ཀེ་རི་ལེམ་མཆོག་གིས་གྲོས་ཚོགས་འཐུས་མི་ཚོར་སྲིད་བྱུས་འཛིན་ཕྱོགས་ཀྱི་གཏམ་བཤད་སྤེལ་གནང་བའི་ནང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་ཞི་བདེ་བརྟན་ལྷིང་། རང་དབང་ལ་ཉེན་ཁ་བཟོ་རྒྱུའི་ལས་དོན་སྤེལ་མཁན་ཚོར་མཐའ་ཅིག་ཏུ་གདོང་ལེན་དང་ངོ་རྒོལ་བྱེད་ནས་མ་འོངས་པའི་མི་ཐོག་རྗེས་མ་ཚོས་རང་གི་རྒྱལ་ཁབ་ལ་དགའ་ཞེན་ཡོད་པ་ཞིག་བཟོ་རྒྱུ་ནི་ཧོང་ཀོང་མི་མང་གི་ལས་འགན་རེད་ཅེས་གསུངས་ཡོད་པ་རེད། འོན་ཀྱང་ཁོང་གིས་བཀའ་མལ་དེ་ཚོགས་པ་བྱེ་བྲག་པ་སུ་ཞིག་ལ་དམིགས་ནས་གསུངས་མིན་གསལ་ཁ་གང་ཡང་བཏོན་གནང་མེད་ཀྱང་། ཉེ་བའི་ཆར་ཧོང་ཀོང་ནང་མང་གཙོ་དོན་གཉེར་བ་ཚོས་ལས་འགུལ་རིམ་པ་སྤེལ་བ་དང་། ལྷག་པར་དུ་གཟའ་མིག་དམར་ཉིན་ཧོང་ཀོང་དང་མ་ལེ་ཤེ་ཡའི་དབར་Asian Cup རྩེད་མོའི་འགྲན་བསྡུར་ནང་ཞུགས་རྒྱུའི་ཆེད་རྩེད་མོ་འགྲན་བསྡུར་བྱས་དུས་ལྟད་མོ་ལྟ་མཁན་ཚོས་རྒྱ་ནག་གི་རྒྱལ་གླུ་རྒྱང་བསྒྲགས་བྱེད་པའི་སྐབས་རྒྱབ་བསྟན་པ་དང་ཁག་ཅིག་གིས་ཧོང་ཀོང་རང་བཙན་ཡིན་ཟེར་བ་སོགས་ཀྱི་ཕྲེད་དར་འཕྱར་ནས་མི་འདོད་པའི་རྣམ་འགྱུར་གྱི་སྐད་བཅོར་རྒྱབ་པ་སོགས་ཀྱི་ལམ་ནས་རྣམ་འགྱུར་བསྟན་པ་བཅས་ལ་རྟེན་ཁོང་ཚོའི་བྱ་སྤྱོད་ལ་ཟུར་ཟ་གནང་གི་ཡོད་པའི་ཚོད་རྩིས་བྱེད་ཀྱི་ཡོད་འདུག
སྤྱིར་བཏང་རྒྱ་ནག་དབུས་གཞུང་ནས་ཉེ་ཆར་ཁྲིམས་གཞི་ཞིག་གསར་གཏོད་བྱས་ཡོད་པ་དེའི་ནང་། རྒྱ་ནག་རྒྱལ་ཁབ་ཀྱི་རྒྱལ་གླུར་བརྩི་འཁུར་མི་བྱེད་པ་འམ་ཡང་ན་ཁྲིམས་འགལ་གྱི་ཐོག་ནས་བེད་སྤྱོད་བྱེད་པ་ཡིན་ན་ཉིན་གྲངས་བཅོ་ལྔའི་རིང་བཙོན་བཅུག་གི་ཉེས་ཆད་ཕོག་རྒྱུ་ཡིན་ལུགས་བཀོད་ཡོད་པ་དེ་བཞིན་ཧོང་ཀོང་ནང་ལག་ལྟར་བྱེད་མིན་ད་བར་གསལ་པོ་ཆགས་མེད་པ་རེད།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།