ཧོང་ཀོང་ནང་ལུས་སེམས་མི་བདེ་བའི་དཀའ་ངལ་འཕྲད་མཁན་ཇེ་མང་དུ་འགྲོ་བཞིན་འདུག


2020.01.10
ཧོང་ཀོང་ནང་ངོ་རྒོལ་ལས་འགུལ་སྐབས་ཉེན་རྟོག་པས་མིག་ཆི་ཤོར་བྱེད་ཀྱི་དུག་རླངས་བཏང་བ། ༢༠༡༩།༡༢།༣༡ ཧོང་ཀོང་ནང་ངོ་རྒོལ་ལས་འགུལ་སྐབས་ཉེན་རྟོག་པས་མིག་ཆི་ཤོར་བྱེད་ཀྱི་དུག་རླངས་བཏང་བ། ༢༠༡༩།༡༢།༣༡
AP

ཧོང་ཀོང་ནང་ངོ་རྒོལ་དང་སྤྱི་ཚོགས་ཟང་ཟིང་གི་རྐྱེན་པས་ལུས་སེམས་མི་བདེ་བའི་དཀའ་ངལ་འཕྲད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་ཞིབ་འཇུག་སྙན་ཐོའི་ནང་བཀོད་ཡོད་འདུག
དེ་ཡང་(The Lancet)་ཞེས་པའི་སྨན་པའི་དུས་དེབ་ཀྱི་ཐོག ཕྱི་ཚེས་༡༠་ཉིན་ཞིབ་འཇུག་སྙན་ཐོ་ཞིག་འདོན་སྤེལ་བྱས་ཡོད་པའི་ནང་། ཧོང་ཀོང་ནང་གི་མི་གྲངས་ཀྱི་གསུམ་ཆ་གཅིག་ཙམ་ལ་འདས་པའི་ཟླ་བ་མང་པོའི་རིང་གི་ངོ་རྒོལ་རྔམ་སྟོན་དང་སྤྱི་ཚོགས་ནང་ཟང་ཟིང་གི་གནས་སྟངས་ཀྱི་རྐྱེན་པས་མི་མང་པོའི་ལུས་སེམས་མི་བདེ་བའི་གནས་སྟངས་ཆགས་ཡོད་ཅིང་།   ཧོང་ཀོང་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སྡེ་ཚན་གྱིས་འདས་པའི་ལོ་ངོ་བཅུ་ཙམ་རིང་ཞིབ་འཇུག་བྱས་པ་བརྒྱུད། སྤྱིར་བཏང་མི་གྲངས་བཅུའི་ནང་མི་གཅིག་ལ་ལུས་སེམས་མི་བདེ་བའི་གནས་སྟངས་ཆགས་ཀྱི་ཡོད་ཅིང་། གྲངས་འབོར་དེ་བཞིན་དམག་འཁྲུག་སྐབས་དང་ཡང་ན་འཇིགས་སྐུལ་དྲག་སྤྱོད་ཀྱི་གཏོར་རྒོལ་ཕོག་པའི་རྗེས་ཀྱི་གནས་སྟངས་དང་འདྲ་མཚུངས་ཡིན་པའི་སྐོར་བཀོད་ཡོད་འདུག
ཉེ་བའི་ཧོང་ཀོང་ནང་གི་ངོ་རྒོལ་རྔམ་སྟོན་དེ་བརྒྱུད་ནས་ལུས་སེམས་མི་བདེ་བ་བྱུང་བའི་མིའི་གྲངས་འབོར་དེ་ཕྱི་ལོ་༢༠༡༤་ལོར་ཧོང་ཀོང་ནང་སྲིད་གཞུང་གི་སྲིད་བྱུས་ཁག་ལ་ངོ་རྒོལ་གྱི་ལས་འགུལ་སྐབས་བྱུང་བའི་གྲངས་འབོར་ལས་ལྡབ་དྲུག་ཙམ་མང་དུ་ཕྱིན་ཡོད་པ་དང་། ཕྱི་ལོ་༢༠༡༥་ལོའི་ཕྱི་ཟླ་གསུམ་པའི་སྐབས་ཀྱི་བརྒྱ་ཆ་ལྔ་ནས་༢༠༡༩་ལོའི་ཕྱི་ཟླ་དགུ་པ་ནས་བཅུ་གཅིག་བར་བརྒྱ་ཆ་༣༢་བར་འཕར་ཡོད་པ་དང་། དེ་ནི་ཧོང་ཀོང་གྲོང་ཁྱེར་གྱི་མི་འབོར་ཁྲི་༧༤༠་ཙམ་གྱི་ནང་ནས་ཁྲི་༡༩༠་ཙམ་ལ་ལུས་སེམས་མི་བདེ་བའི་ནད་གཞི་ཕོག་ཡོད་ཅིང་།  ཞིབ་འཇུག་སྙན་ཐོ་དེའི་ནང་ཚོད་རྩིས་བྱས་པར་གཞིགས་ན། ཧོང་ཀོང་ནང་ན་སོ་ལོན་པའི་མིའི་གྲངས་འབོར་གྱི་བརྒྱ་ཆ་བཅུ་གཅིག་ཙམ་ལ་སེམས་ཁམས་ཀྱི་དཀའ་ངལ་ཡོད་པ་དང་།  དེ་ཡང་ཕྱི་ལོ་༢༠༡༤འི་གོང་གི་བརྒྱ་ཆ་གཉིས་ནས་༢༠༡༧་སྐབས་བརྒྱ་ཆ་དྲུག་དང་གྲངས་ཆུང་ལྔ་ཙམ་དུ་འཕར་ཡོད་འདུག
དེ་བཞིན་ཞིབ་འཇུག་བྱེད་མཁན་གྱི་ཤེས་རྟོགས་བྱུང་བའི་ནང་། སྤྱི་ཚོགས་ཀྱི་དྲ་རྒྱ་ཤུགས་ཆེ་བེད་སྤྱོད་བྱེད་མཁན་དང་། དེ་བཞིན་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནད་དོན་ཐོག་ཤུགས་ཆེའི་དོ་སྣང་བྱེད་མཁན་ཚོའི་ནང་ལུས་སེམས་མི་བདེ་བའི་ནད་གཞི་ཕོག་རྒྱུར་དེ་བས་ཉེན་ཚབས་ཆེ་བ་ཡོད་ཅིང་།  (The Lancet)་ཞིབ་འཇུག་ཚན་པ་དང་མཉམ་འབྲེལ་ཞིབ་འཇུག་གནང་མཁན་ཧོང་ཀོང་སློབ་གྲྭ་ཆེན་མོའི་སྨན་པའི་སྡེ་ཚན་གྱི་འགན་འཛིན་དགེ་རྒན་ཆེན་མོ་ལེང་ཨད་ཧྲེ་ཡིས་གསུངས་ན། ཧོང་ཀོང་ནང་སེམས་ཁམས་ཀྱི་བདེ་ཐང་ལ་དཀའ་ངལ་འཕྲད་བཞིན་པའི་གནས་སྟངས་སེལ་རྒྱུར་དགོས་ངེས་ཀྱི་ཐབས་ལམ་སོགས་འདེང་ངེས་མེད་པ་གསུང་འདུག
ཞིབ་འཇུག་གནང་མཁན་ཚོས་ཕྱི་ལོ་༢༠༠༩་ནས་༢༠༡༩་ལོའི་བར་མི་གྲངས་ཁྲི་གཅིག་དང་བརྒྱད་སྟོང་ལྷག་ཙམ་ལ་ཕྱོགས་མང་པོའི་ཐོག་ནས་བརྟག་དཔྱད་བྱས་ཡོད་པ་དང་། དེ་ནི་རྒྱལ་སྤྱིའི་ནང་སྤྱི་ཚོགས་ཟང་ཟིང་གནས་སྟངས་ཀྱིས་མིའི་ལུས་སེམས་བདེ་ཐང་ལ་ཤུགས་རྐྱེན་ཇི་ལྟར་ཡོང་མིན་ཐད་ཞིབ་འཇུག་བྱས་པ་་ཚད་མཐོ་ཤོས་དང་དུས་ཡུན་ཡང་རིང་ཤོས་ཤིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎