ཧོང་ཀོང་གི་རང་དབང་འཐབ་རྩོད་ལས་འགུལ་བར་ནོ་བེལ་གཟེངས་རྟགས་འབུལ་རོགས།
2018.02.02
ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་གིས་ཧོང་ཀོང་དམངས་གཙོའི་ལས་འགུལ་ལ་སྣེ་ཁྲིད་གནང་མཁན་ན་གཞོན་གསུམ་ནོ་བེལ་ཞི་བདེའི་གཟེངས་རྟགས་སྤྲོད་སའི་འོས་མིར་མིང་འདོན་བྱས་འདུག
དེ་ཡང་སྤྱི་ཚེས་༡ཉིན་ཨ་རིའི་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་གའི་གྲོས་ཚོགས་འཐུས་མི་བཅུ་གཉིས་ཀྱིས་མཉམ་འབྲེལ་ཐོག་ནོ་བེལ་གཟེངས་རྟགས་དཔྱད་འདེམས་ཚོགས་ཆུང་ལ་འཕྲིན་ཡིག་བཏང་ནས། ཧོང་ཀོང་ཆར་གདུགས་ལས་འགུལ་ཏེ་དམངས་གཙོའི་སློབ་མའི་ལས་འགུལ་གྱི་སྣེ་ཁྲིད་པ་ལོ་ན་༢༡ཡིན་པའི་ཧོང་ཀྲི་ཧྥུན་དང་། ལོ་ན་༢༤ཡིན་པའི་ལོ་ཀོན་ཚུང་། ལོ་ན་༢༧ཡིན་པའི་ཀྲིག་ཡོང་ཁང་བཅས་སྤྱི་ལོ་༢༠༡༨ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་སྤྲོད་སའི་འོས་མིར་མིང་འདོན་བྱས་ཏེ། ཁོང་ཚོས་ཞི་བའི་ཐབས་ལམ་ཐོག་ཧོང་ཀོང་ནང་ཆབ་སྲིད་བཅོས་བསྒྱུར་དང་རང་ཐག་རང་གཅོད་ཀྱི་ལམ་ཁར་ཞུགས་པར་འབད་བརྩོན་གནང་བར་བསྔགས་བརྗོད་བྱས་ཡོད།
སྤྱི་ལོ་༢༠༡༤ལོར་ཧོང་ཀོང་ནང་ཧོང་ཀྲི་ཧྥིན་སོགས་ནས་སྣེ་ཁྲིད་དེ་མི་མང་སྟོང་ཕྲག་མང་པོས་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་ནས། ཧོང་ཀོང་དམིགས་བསལ་སྲིད་གཞུང་གི་མགོ་ཁྲིད་ཐད་ཀར་མི་དམངས་ཀྱིས་འདེམས་བསྐོ་བྱེད་དགོས་པ་ལས་། ད་ལྟའི་པེ་ཅིན་གཞུང་ལ་ཕྱོགས་པའི་འོས་འདེམས་ཚོགས་པས་འདེམས་རྒྱུ་དེ་མ་ཡིན་པར་ངོ་རྒོལ་བྱས་ཡོད་ལ། མཐའ་མར་རྒྱ་ནག་དབུས་གཞུང་དང་ཧོང་ཀོང་སྲིད་གཞུང་ནས་སློབ་མའི་ཆར་གདུགས་ལས་འགུལ་དེ་ཁྲིམས་འགལ་དུ་བརྩིས་ནས་མི་མང་གི་ཞུ་འབོད་སྣང་མེད་བཏང་སྟེ། སློབ་མའི་མགོ་ཁྲིད་དེ་དག་ད་ལྟའང་ཁྲིམས་ཀྱི་རྩོད་རྙོག་ནང་ལྷུང་ཡོད་ཀྱང་། རྒྱལ་སྤྱིའི་སྟེང་ཧོང་ཀོང་གི་ཆར་གདུགས་ལས་འགུལ་དེ་སྐད་གྲགས་ཆེན་པོ་ཆགས་ཡོད་ལ། ད་ཐེངས་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་མཐུས་མི་མར་ཁོ་རུའུ་རྦིས་ཨོ་ནས་སྣེ་ཁྲིད་པའི་གྲོས་ཚོགས་འཐུས་མི་བཅུ་གཉིས་ཀྱིས་ནོ་བེལ་ཞི་བདེའི་གཟེངས་རྟགས་དཔྱད་འདེམས་ཚོགས་ཆུང་ལ་ཕུལ་བའི་འོས་མིའི་མིང་འདོན་འཕྲིན་ཡིག་ནང་། རྒྱ་ནག་གཞུང་གིས་མུ་མཐུད་དུ་ཧོང་ཀོང་མི་དམངས་ཀྱི་རང་སྲིད་རང་སྐྱོང་ལ་གནོད་འཚེ་སྐྱེལ་བའི་དུས་འདིར། ཧོང་ཀོང་དམངས་གཙོ་ལས་འགུལ་བས་ཞི་བདེའི་ལག་རྗེས་ལ་སྐུལ་འདེད་ཀྱིས་ཧོང་ཀོང་གི་མ་འོངས་སྲུང་སྐྱོབ་ཐད་ནུས་བ་འདོན་དགོས་པ་གསལ་འདེབས་བྱས་ཡོད།
གསར་འགོད་པ་ལྕགས་མོ་འཚོ།