གཞོན་སྐྱེས་ཚོས་བསམ་བློ་གསར་པ་དང་ལྟ་སྟངས་གསར་པའི་ཐོག་ནས་འཛམ་གླིང་ལ་ཞབས་འདེགས་བསྒྲུབ་དགོས། ༧གོང་ས་མཆོག་གིས།


2020.08.12
༧གོང་ས་མཆོག་གིས་གཞོན་སྐྱེས་ཞི་བདེ་སྣེ་ཁྲིད་པ་དང་ལྷན་བགྲོ་གླེང་སྐབས། ༢༠༢༠།༨།༡༢ ༧གོང་ས་མཆོག་གིས་གཞོན་སྐྱེས་ཞི་བདེ་སྣེ་ཁྲིད་པ་དང་ལྷན་བགྲོ་གླེང་སྐབས། ༢༠༢༠།༨།༡༢
OHHDL

དེང་སྐབས་དུས་ཚོད་ཀྱི་འགྱུར་བ་དང་བསྟུན་གནས་སྟངས་ལ་ཡང་འགྱུར་ལྡོག་འགྲོ་བཞིན་ཡོད་པས་གཞོན་སྐྱེས་ཚོས་བསམ་བློ་གསར་པ་དང་ལྟ་སྟངས་གསར་པའི་ཐོག་ནས་འཛམ་གླིང་གསར་པ་ལ་ཞབས་འདེགས་བསྒྲུབ་དགོས་པ་༧གོང་ས་མཆོག་གིས་ཨ་མི་རི་ཀའི་ཞི་བདེ་ལྟེ་གནས་ཁང་དང་བགྲོ་གླེང་སྐབས་བཀའ་གནང་འདུག
སྤྱི་ཟླ་༨་པའི་ཚེས་༡༢་ཉིན་ཨ་མི་རི་ཀའི་ཞི་བདེའི་ལྟེ་གནས་ཁང་གིས་གོ་སྒྲིག་གནང་སྟེ། བཞུགས་སྒར་ཕོ་བྲང་ནས་༧གོང་ས་མཆོག་གིས་དྲ་ལམ་བརྒྱུད། རྙོག་ཟིང་དང་ཏོག་དབྱིབས་ནད་ཡམས། བྱམས་བརྩེ་བཅས་ཀྱི་བརྗོད་གཞིའི་ཐོག འཛམ་གླིང་དུ་རྙོག་ཟིང་ཤིན་ཏུ་ཆེ་བའི་དཀྱིལ་ཤར་ཡུལ་ཁག་དང་། ཨ་ཧྥི་རི་ཀ་སོགས་ཀྱི་ཡུལ་གྲུ་ཁག་ཅིག་གི་གཞོན་སྐྱེས་ཚོ་དང་ལྷན་བགྲོ་གླེང་དང་བཀའ་ལན་གནང་ཡོད་ཅིང་། སྐབས་དེར་ཨ་རིའི་ཞི་བདེའི་ལྟེ་གནས་ཁང་གི་འགན་འཛིན་ནཱན་སི་ལེམ་བྷིར་ཁི་(Nancy Lindborg)་ལགས་ནས། སྤྱི་ལོ་༢༠༡༥་ལོ་ནས་རྙོག་ཟིང་ཆེ་ཤོས་ཀྱི་ཡུལ་གྲུ་ཨི་རག་དང་སི་རི་ཡ། ཨ་ཧྥི་གྷ་ནི་སི་ཐན། སོ་མ་ལི་ཡ། ཝི་ནེ་ཛོ་ལ་སོགས་ནས་འཚར་ལོངས་བྱུང་བའི་གཞོན་སྐྱེས་ཁག་ཅིག་དང་། ༧གོང་ས་མཆོག་གི་བར་བཀའ་མོལ་གྱི་གོ་སྐབས་བྱུང་ཡོད་པ་ལས། གཞོན་སྐྱེས་༢༠་ད་ལམ་དྲ་ཐོག་གི་དྲི་བར་བཀའ་ལན་གྱི་ལམ་རིམ་དུ་ཞུགས་ཡོད་ཅིང་། ཁོང་ཚོ་རེ་རེའི་ངོས་ནས་སོ་སོའི་སྤྱི་ཚོགས་སུ་ཞི་བདེ་བསྐྲུན་རྒྱུའི་ལས་དོན་བདམས་ཡོད་པས། ད་རེས་༧གོང་ས་མཆོག་དང་ལྷན་གླེང་མོལ་གྱི་གོ་སྐབས་བྱུང་བར་སྤོབས་པ་ཆེན་པོ་གནང་གི་ཡོད་པ་ངོ་སྤྲོད་གནང་ཡོད་ཅིང་། དེ་ལ་༧གོང་ས་མཆོག་གིས་དེང་གི་དུས་ཚོད་ཀྱི་འགྱུར་བ་དང་འགྲོགས་ནས་གནས་སྟངས་ལ་ཡང་འགྱུར་བ་འགྲོ་ཡི་ཡོད་པས། གཞོན་སྐྱེས་ཚོས་བསམ་བློ་དང་ལྟ་སྟངས་གསར་པའི་ལམ་ནས། འཛམ་གླིང་གསར་པ་ལ་ཞབས་འདེགས་བསྒྲུབ་དགོས་པ་བཀའ་གནང་བ་དང་། གནས་སྟངས་ལ་འགྱུར་བ་འགྲོ་བཞིན་ཡོད་ནའང་ང་ཚོའི་བསམ་བློ་ལ་འགྱུར་བ་མ་ཕྱིན་པར་བསམ་བློ་རྙིང་པ་རང་འཇགས་བསྡད་ན། རང་བཞིན་གྱིས་བསམ་བློ་དང་དངོས་ཡོད་གནས་སྟངས་བར་མི་མཐུན་པ་ཡོང་གི་ཡོད་པས། གཞོན་སྐྱེས་ཚོས་ལྟ་སྟངས་གསར་པ་ལ་གོམས་འདྲིས་བསྟེན་རྒྱུར་ཆ་རྐྱེན་ཡག་པོ་ཡོད་པ་དང་ཆབས་ཅིག གནས་ཚུལ་གསར་པ་དང་ལེན་བྱ་རྒྱུ་ལས་སླ་བོ་ཡིན་པ་མ་གཏོགས། མི་རྒན་པ་ཚོ་རང་བཞིན་གྱིས་བསམ་བློ་རྙིང་པ་ཡོང་གི་ཡོད་སྟབས། གཞོན་སྐྱེས་ཚོས་བསམ་བློ་གཏོང་སྟངས་རྙིང་པ་བཞག་སྟེ་གསར་པ་ལ་འཇུག་དགོས་པ་དང་། གཞི་རྩའི་མི་ཚང་མ་གཅིག་གྱུར་ཡིན་པ་དང་། གོ་ལའི་ཚ་དྲོད་འཕེལ་བ་སོགས་གནས་ཚུལ་གསར་པ་ཡིན་པ། གཞོན་སྐྱེས་ཚོས་བསམ་བློ་གུ་ཡངས་གནང་དགོས་པ་དང་། གླེང་མོལ་འདི་འདྲ་ཕན་ཚུན་གཉིས་ཕན་ཡིན་པས་འབྱུང་འགྱུར་མུ་མཐུད་གནང་རོགས་ཀྱི་འབོད་སྐུལ་གནང་འདུག
གཞན་ཡང་༧གོང་ས་མཆོག་གིས་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་གནས་སྟངས་འདིས། མིའི་སྤྱི་ཚོགས་ཆིག་སྒྲིལ་དང་ནང་སེམས་ཀྱི་ཡོན་ཏན་གལ་ཆེར་བརྩི་བ། ཕན་ཚུན་མཉམ་རུབ་ཡོང་རྒྱུ་སོགས་ལ་ཕན་ཐོགས་ཡོད་པ་བཀའ་གནང་སོང་།
ཨ་མི་རི་ཀའི་ཞི་བདེའི་ལྟེ་གནས་ཁང་ནི་མི་ལོ་༣༦་གོང་ཨ་མི་རི་ཀའི་གྲོས་ཚོགས་འོག་མ་ནས་བཙུགས་པའི་རང་དབང་ཅན་གྱི་ཚོགས་པ་ཞིག་ཡིན་ཅིང་། ཚོགས་པ་དེས་འཛམ་གླིང་སྤྱི་ཡོངས་ཀྱི་ནང་འཚེ་བ་དང་རྩོད་རྙོག་འགོག་ཐབས་སུ་ཕྱག་ལས་གནང་གི་ཡོད་པས། ༧གོང་ས་མཆོག་དང་ལྷན་སྤྱི་ལོ་༢༠༡༥་ལོ་ནས་བཟུང་རྩོད་རྙོག་ཅན་གྱི་ཡུལ་ལུང་ནང་འཚར་ལོངས་བྱུང་བའི་གཞོན་སྐྱེས་རུ་ཁག་ཚོ་ཆུང་རེ་ལྷན་དུ་འཛོམས་ནས། ལོ་ལྟར་༧གོང་ས་མཆོག་གིས་མཇལ་འཕྲད་བཀའ་མོལ་གནང་གི་ཡོད་ནའང་། ད་ལོ་ཏོག་དབྱིབས་ནད་ཡམས་ཀྱི་དབང་གིས་དྲ་ལམ་བརྒྱུད་བགྲོ་གླེང་བཀའ་མོལ་གནང་དགོས་བྱུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎