༸གོང་ས་མཆོག་ཉི་ཧོང་དུ་ཞབས་སོར་འཁོད་གནང་ཡོད་པ།

༧གོང་ས་མཆོག་དེ་རིང་ཉི་ཧོང་དུ་ཞབས་སོར་འཁོད་དེ་དུས་ཡུན་བཞུགས་བཞག་བཅུའི་རིང་ཉི་ཧོང་ནང་མཛད་འཕྲིན་ཁག་བསྐྱང་རྒྱུ་ཡིན་པ།

2011.10.29

༄༅༎སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་གསར་འགོད་པའི་བཀའ་དྲིར་བཀའ་ལན་གནང་སྐབས། དེང་སང་བོད་ནང་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གི་དབང་བསྒྱུར་སྲིད་བྱུས་ལ་ངོ་རྒོལ་བྱེད་མཁན་ཚོའི་བྱ་སྤྱོད་ནི། རེ་བ་མཐའ་ཟད་ཀྱི་མཚོན་རྟགས་ཤིག་ཡིན་པ་དང་། དེའི་རྩ་བ་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ཐུག་པ་ཞིག་ཡིན་པ་སོགས་བཀའ་བསྩལ་འདུག 
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་རིང་སྔ་དྲོ་ཉི་ཧོང་དུ་ཞབས་སོར་འཁོད་དེ། དུས་ཡུན་བཞུགས་བཞག་བཅུའི་རིང་ཉི་ཧོང་ནང་མཛད་འཕྲིན་ཁག་བསྐྱང་རྒྱུ་ཡིན་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཉི་ཧོང་གི་རྒྱལ་ས་ཁྲོག་ཁྱོར་གྱི་མགྲོན་ཁང་ཞིག་ཏུ་གསར་འགྱུར་རྒྱུད་ལམ་ཁག་གི་གསར་འགོད་པ་ཚོར་མཇལ་མོལ་གནང་བའི་སྐབས། གསར་འགོད་པས་ དེང་སྐབས་བོད་ནང་གཞོན་སྐྱེས་སེར་སྐྱ་བཅུ་ཙམ་གྱི་རང་ལུས་མེར་སྲེག་བཏང་ནས་ རྒྱ་ནག་གི་དབང་བསྒྱུར་སྲིད་བྱུས་ལ་ངོ་རྒོལ་གྱི་རྣམ་འགྱུར་བཏོན་ཡོད་པའི་གནད་དོན་ཐོག་བཀའ་དྲི་ཞུས་པར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དེ་ནི་རྒྱ་ནག་གཞུང་གིས་ནོར་འཁྲུལ་དང་ཡ་ང་སྙིང་རྗེ་མེད་པའི་སྲིད་བྱུས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་རང་ཉིད་ཀྱི་མཁེ་ཕན་གཅིག་པུ་བསྒྲུབ་རྒྱུ་ལས་རྒྱལ་ཁབ་དེའི་དོན་དངོས་ཀྱི་གནས་སྟངས་དང་མཐུན་པའི་སྲིད་བྱུས་ཤིག་བཏོན་དགོས་ཀྱི་རེད་ཅེས་དང་། དེ་བཞིན་༧གོང་ས་མཆོག་ནས་ས་གནས་ས་ཐོག་གི་འགོ་ཁྲིད་ཚོས་མེར་སྲེག་བཏང་བའི་རྒྱུ་རྐྱེན་དངོས་ག་རེ་ཡིན་མིན་ཡང་དག་པའི་ཐོག་ནས་བརྟགས་དཔྱད་ཞིབ་འཇུག་བྱེད་དགོས་པ་བཀའ་གནང་འདུག  དེ་བཞིན་གསར་འགོད་པས་རྒྱ་ནག་ནང་ཕྱི་ལོ་༢༠༡༢ ལོར་རྒྱ་ནག་གི་དཔོན་རིགས་བརྗེ་བའི་རྗེས་རྒྱ་ནག་གི་སྲིད་བྱུས་ལ་འགྱུར་ལྡོག་འགྲོ་མིན་སྐོར་བཀའ་དྲི་ཞུས་པར། ༧གོང་ས་མཆོག་ནས་ གནད་དོན་དེ་ཆབ་སྲིད་དང་འབྲེལ་བའི་གནད་དོན་ཞིག་ཡིན་པ་དང་།  མགོན་པོ་གང་ཉིད་ད་ཆ་ཆབ་སྲིད་དབུ་ཁྲིད་ནས་རྒན་ཡོལ་གནང་ཟིན་པ་དང་། ཡིན་ནའང་མི་མང་པོ་ཞིག་གིས་དེ་སྔོན་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་རྒྱ་ནག་གིས་དབང་ཆ་རྩིས་ལེན་བྱེད་པའི་སྐབས། རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་ལྡོག་ཅིག་ཡོང་རྒྱུའི་རེ་བ་བྱས་ཡོད།  ཝུའུ་ཇིང་ཐའོ་ཡིས་དབང་འཛིན་ཐོག་མར་བྱས་པའི་སྐབས། འཆམ་མཐུན་གྱི་སྤྱི་ཚོགས་ཞེས་པའི་འབོད་ཚིག་བཏོན་པར་༧གོང་ས་མཆོག་སྐུ་ཉིད་ཀྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་ཡོད། ཡིན་ནའང་འདས་པའི་ལོ་ངོ་བཅུའི་ནང་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་ལྡོག་གང་ཡང་མ་བྱུང་བར་ཉིས་སྟོང་བརྒྱད་དང་དགུ་བཅུ་གཅིག་སོ་སོའི་ནང་། བོད་དང་། ཤིན་ཅང་། ནང་སྲོག་སོགས་ནང་ངོ་རྒོལ་གྱི་དོན་རྐྱེན་རིམ་པ་བྱུང་ཡོད་པས།  འཆམ་མཐུན་གྱི་སྤྱི་ཚོགས་ཞེས་པའི་འབོད་ཚིག་དེ་ཡག་པོ་རེད། ཡིན་ནའང་ཐབས་ལམ་ལག་བསྟར་བྱེད་མཁན་ཚོས་ནོར་འཁྲུལ་འཛིན་གྱི་ཡོད་པ་རེད་ཅེས་བཀའ་བསྩལ་འདུག 
ད་རེས་༧གོང་ས་མཆོག་ཉི་ཧོང་གི་ཀོ་ཡ་སན་སློབ་གྲྭ་ཆེན་མོ་དེ་བཙུགས་ནས་ལོ་ངོ་༡༢༥ཕྱིན་པའི་རྟེན་འབྲེལ་མཛད་སྒོར་གདན་ཞུ་བཞིན་ཉི་ཧོང་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་པ་དང་ གཙོ་བོ་ཉི་ཧོང་ནང་ད་ལོ་ཕྱི་ཟླ་གསུམ་པའི་ནང་ས་ཡོམ་གི་གནོད་ཚེ་ཚབས་ཆེ་ཕོག་ཡོད་སའི་ས་གནས་མང་ཚོགས་ཀྱི་གནས་སྟངས་གཟིགས་སྐོར་དུ་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎