༸གོང་ས་མཆོག་ནས་འབྲས་ལྗོངས་སུ་བོད་མིར་བཀའ་སློབ།
2010.12.21
༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ད་རེས་འབྲས་ལྗོངས་ཁུལ་དུ་ཆིབས་བསྒྱུར་སྐབས་བོད་མི་ཚོར་སློབ་སྦྱོང་ལ་སྦྱང་བརྩོན་བྱེད་དགོས་པ་དང་དམིགས་བསལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་གལ་འགངས་ཆེན་པོ་ཡིན་པའི་སྐོར་བཀའ་སློབ་གནང་ཡོད་པ་རེད།
དེ་ཡང་ཕྱི་ཟླ་༡༢པའི་ཚེས་༡༨ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འབྲས་ལྗོངས་ཁུལ་གྱི་ར་ལྦང་ལ་བོད་མིའི་གཞིས་ཆགས་སུ་བཀའ་སློབ་སྩལ་བའི་སྐབས། བོད་ཀྱི་སྐད་ཡིག་ནི་ཚོང་ལས་དང་ཁྲིམས་ལུགས་ལྟ་བུའི་ལས་ཡུལ་ཁག་གི་ཐོག་ལ་བེད་སྤྱོད་ཆེན་པོ་ཞིག་མིན་ནའང་ནང་ཆོས་ཀྱི་པོ་ཏི་གསུམ་བརྒྱ་ལྷག་ཡོད་པ་དེ་དག་སློབ་སྦྱོང་བྱེད་པར་བེད་སྤྱོད་ཡོད་པ་རེད། ཕྱི་རྒྱལ་བ་ནང་ཆོས་སློབ་གཉེར་བྱེད་མཁན་ཚོས་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་ཀྱི་ཡོད་པ་དང་ཁོང་ཚོས་བྲིས་ཀློག་ཡག་པོ་ཤེས་ཀྱི་ཡོད་པ་ནི། ཁོང་ཚོས་སྦྱང་བཙོན་ཧུར་ཐག་བྱས་པའི་གྲུབ་འབྲས་ཡིན་གཤིས། ཕྱི་མི་ཚོས་བོད་ཀྱི་སྐད་ཡིག་སློབ་གཉེར་བྱེད་རྒྱུ་དེ་ལྟའི་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་དུས། ང་ཚོ་བོད་པ་ཚོས་དེ་བས་ཤུགས་སྣོན་རྒྱག་དགོས་པ་ཡིན། དེ་སྔ་ཡིན་ན་ཕྱི་ལོ་༡༩༥༩ལོར་ང་ཚོ་བཙན་བྱོལ་དུ་སླེབས་པའི་རྗེས། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཆེད་དུ་བོད་པའི་སློབ་གྲ་ཁག་གསར་འཛུགས་བྱས་ཡོད་ཀྱང་འདས་པའི་མི་ལོ་ལྔ་བཅུ་ལྔ་གྲངས་དེའི་རིང་ལ་དེང་རབས་ཀྱི་ཤེས་ཡོན་སློབ་སྦྱོང་ལ་སྦྱང་བརྩོན་གྱི་གྲུབ་འབྲས་དང་ཡར་རྒྱས་ཕྱིན་ཡོད་ཀྱང་བོད་ཀྱི་སྐད་ཡིག་སྦྱང་བརྩོན་ཐོག་ལ་འཐུས་ཤོར་ཆེན་པོ་ཕྱིན་ཡོད་པའི་གནས་སྟངས་ལ་བརྟེན་ནས། བཙན་བྱོལ་ནང་གི་བོད་པའི་སློབ་གྲ་ཁག་ནང་བོད་ཀྱི་སྐད་ཡིག་གནས་ཚད་ཐོག་ལ་ཧ་ཅང་གི་ཐུགས་འཚབ་ཡོད་པའི་བཀའ་གནང་སྟེ། ད་ནས་བཟུང་བོད་ཀྱི་སྐད་ཡིག་སློབ་སྦྱང་ཐོག་ལ་འགན་འཁུར་ཆེ་ཙམ་དང་སྦྱང་བརྩོན་བྱེ་རྒྱུར་རིག་པ་སྒྲིམ་དགོས་པ་མ་ཟད། དེ་ག་ར་ལྦང་ལ་བོད་མིའི་གཞིས་ཆགས་དེའི་ནང་དུ་ཡོད་པའི་བོད་པའི་སློབ་ཕྲུག་ཚོར་ཤེས་ཡོན་ཚད་དང་ལྡན་པ་སྤྲོད་རྒྱུ་དང་ཤེས་ཡོན་ནི་ཧ་ཅང་གི་གལ་འགངས་ཆེན་པོ་ཡིན་པ་བཀའ་སློབ་གཟབ་མོ་གནང་ཡོད་པ་རེད།