རྡོར་གདན་དུ་༧གོང་ས་མཆོག་གིས་གསར་འབྱོར་བོད་མིར་བཀའ་སློབ།
2016.12.29

༄༅། །དེ་རིང་ཕྱི་ཚེས་༢༩རྡོར་རྗེ་གདན་དུ་ཆིབས་བསྒྱུར་ཉིན་གཉིས་པའི་སྔ་དྲོ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནས་གནས་སྐོར་ལ་ཕེབས་པའི་བོད་མི་ཁག་ཅིག་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བསྩལ་ཡོད་པ་དང། དེ་ནས་མ་ཧ་བྷོ་དྷི་ལྷ་ཁང་དུ་གནས་གཟིགས་ཐུགས་སྨོན་གནང་འདུག། དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཆོས་རིགས་བཀའ་བློན་ཀརྨ་དགེ་ལེགས་མཆོག་དང་། བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་རྣམ་གཉིས་ལྷན་བཅར་ཞུས་འདུག ཁ་སང་ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་རྒྱ་གར་བྱང་ཕྱོགས་བྷི་ཧར་མངའ་སྡེའི་རྒྱལ་ས་པ་ཊི་ནཱར་༸ཞབས་སོར་བདེ་བར་འཁོད་སྐབས་གནམ་ཐང་དུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ ནི་ཏིཤ་ ཀུ་མར (Nitish Kumar) མཆོག་གིས་འཚམས་འདྲིའི་ཕེབས་བསུ་ཞུས་ཡོད་པ་རེད།
དེ་རྗེས་མགོན་པོ་གང་ཉིད་མཆོག་སྤྱི་ཁྱབ་བློན་ཆེན་མཆོག་དང་ལྷན་ཁུལ་དེར་ཡོད་པའི་སྟོན་པ་རྗེས་དྲན་གྱི་སྐྱེད་མོས་ཚལ་དུ་ཆིབས་སྒྱུར་བསྐྱངས། སྐབས་དེར་ཐོག་མར་༸གོང་ས་མཆོག་དང་སྤྱི་ཁྱབ་བློན་ཆེན་རྣམ་གཉིས་ཀྱིས་སྟོན་པ་རྗེས་དྲན་གྱི་སྐྱེད་མོས་ཚལ་དུ་ཡོད་པའི་ཀ་རུ་ནྰ་ མཆོད་རྟེན( Karuna Stupa) ཞེས་པའི་མཆོད་རྟེན་གྱི་མདུན་དུ་སྣང་གསལ་ཞལ་ཕྱེ་མཛད་རྗེས། ནང་པའི་དགེ་འདུན་པ་ཁག་གཅིག་གིས་པཱ་ལིའི་སྐད་ཐོག་སྨོན་ལམ་གསུང་འདོན་གནང་བསྟུན་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་རྣམས་ཀྱིས་བོད་སྐད་དང་། དེ་རྗེས་ཉི་ཧོང་གི་སྐད་ཐོག་སྨོན་ལམ་གསུང་འདོན་གནང་བ་དང་། དེ་རྗེས་མགོན་པོ་གང་ཉིད་མཆོག་ལ་སྤྱི་ཁྱབ་བློན་ཆེན་མཆོག་གིས་བཞུགས་གནས་སུ་གདན་ཞུས་ཀྱིས་ཉིན་གུང་ལྗགས་སྨིན་འདེགས་འབུལ་དང་སྦྲགས་ཕྱག་ཚོད་ཕྱེད་ཀ་ལྷག་ཙམ་རིང་བཀའ་མོལ་མཛད་སྐབས་དེར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་དང་གནད་ཡོད་མི་སྣ་ཁག་ཅིག་ཀྱང་ཆེད་བཅར་ཞུས་འདུག།
གསར་འགོད་པ་རིག་ལྡན་སྒྲོལ་མ།