༧གོང་ས་མཆོག་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ཕྱི་ཚེས་༡༩ཉིན་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་འདུག


2017.12.16
 ༧གོང་ས་མཆོག་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ཕྱི་ཚེས་༡༩ཉིན་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་འདུག དགའ་ལྡན་ཚོགས་ཆེན་དུ་སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་དབུས་པའི་ཤར་བྱང་གྲྭ་ཚང་གི་མཁན་ལས་ཟུར་དང་དགེ་འདུན་པ་ཡོངས་ལ་བླང་དོར་གྱི་བཀའ་སློབ་སྩལ་གནང་མཛད་ཡོད་པ།
དགའ་ལྡན་ཕོ་བྲང༌།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ཕྱི་ཟླ་ ༡༢ ཚེས་ ༡༩ ཉིན་ཞབས་སོར་འགོད་གནང་མཛད་རྒྱུ་ཡིན་འདུག།
ཁ་སང་ཕྱི་ཚེས་ ༡༥ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མོན་གྷོ་བཙུན་དགོན་བྱང་ཆུབ་གླིང་གི་ཆོར་རྭ་གསར་པའི་དབུ་འབྱེད་རབ་གནས་དང་བཀའ་སློབ་བཀྲིན་ཆེ་གནང་མཛད་རྗེས། འབྲས་སྤུངས་ནས་དགའ་ལྡན་དུ་ཞུགས་བཞག་གནས་སྤོ་མཛད་ཡོད་པ་དང་།  དགའ་ལྡན་ཚོགས་ཆེན་དུ་སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་དབུས་པའི་ཤར་བྱང་གྲྭ་ཚང་གི་མཁན་ལས་ཟུར་དང་དགེ་འདུན་པ་ཡོངས་ལ་བླང་དོར་གྱི་བཀའ་སློབ་སྩལ་གནང་མཛད་ཅིང་།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཤར་རྩེ་དང་བྱང་རྩེ་གཉིས་ཀས་གཞུང་ཆེན་བཀའ་པོད་ལྔའི་ཐོས་བསམ་སློབ་གཉེར་གྱི་ཐོག་ཧུར་ཐག་གནང་བཞིན་པར་ལེགས་གསོའི་བསྔགས་བརྗོད་མཛད་ཡོད་པ་རེད།
སྔོན་འཆར་ལྟར་ན་དེ་རིང་ཕྱི་ཚེས་ ༡༦ ཉིན་དགའ་ལྡན་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དགེ་འདུན་པ་བརྒྱ་ཕྲག་འགའ་ཤས་བརྙེན་རྫོགས་སྒྲུབ་པ་གནང་རྒྱུ་ཡིན་ན་ཡང་། ཉེ་ཆར་འགུན་ཆམ་འཕྲན་བུ་བཞེས་ཚུལ་བསྟན་པ་དང་། ཉིན་ཤས་སྔོན་འབྲས་སྤུངས་སུ་བརྙེན་རྫོགས་སྒྲུབ་བཞེས་གནང་སྐབས་༧སྐུ་ཐང་མཉེས་པོ་བྱུང་བ་སོགས་ཀྱི་རྐྱེན་པས་དགའ་ལྡན་ནང་གི་བརྙེན་རྫོགས་སྒྲུབ་གནང་རྒྱུའི་མཛད་འཆར་ལ་འགྱུར་བ་ཕེབས་ཡོད་པ་རེད།  འོན་ཀྱང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུའི་བླ་སྨན་པ་རྣམ་པས་འགུན་ཆམ་དྲག་བསྐྱེད་དུ་ཕེབས་ཡོད་པ་གསུངས་འདུག་པར་མ་ཟད། སང་ཉིན་ཕྱི་ཚེས་ ༡༧ ཉིན་དགའ་ལྡན་དུ་རྗེ་རིན་པོ་ཆེས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་སྒོ་ནས་ཆོས་འབྲེལ་གསུང་ཆོས་སྩལ་གནང་མཛད་རྒྱུ་ཡིན་ལ། ཕྱི་ཚེས་ ༡༨ ཉིན་མོན་གྷོ་ནས་ཆིབས་ཞལ་བསྒྱུར་གནང་གིས། སྦེལ་ཀོབ་གཞིས་ཆགས་སུ་ཆིབས་བསྒྱུར་དང་། དེ་ཕྱོགས་སུ་ཡང་མཛད་འཆར་མང་དག་ཞིག་ཡོད་པ་ནས་གཙོ་བོ་སེ་རྭ་སྨད་གྲྭ་ཚང་གི་ཆོས་རྭ་དབུ་འབྱེད་དང་སེར་བྱེས་གྲྭ་ཚང་དུ་རྟ་མགྲིན་གྱི་བཀའ་དབང་། སྔ་བསྒྱུར་རྙིང་དགོན་གྲུབ་དབང་པན་ནོར་རིན་པོ་ཆེའི་དམ་པ་དེ་ཉིད་ཀྱིས་ཕྱག་བཏབ་པའི་རྣམ་གྲོལ་དགོན་པར་ཆོས་འབྲེལ་གསུང་ཆོས་སྩོལ་རྒྱུ་སོགས་ཡིན་པ་རེད།།  
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎