༧གོང་ས་མཆོག་ནས་༧སྐུའི་ཡང་སྲིད་ཕེབས་ཕྱོཊ་ཐད་བཀའ་གནང་བ།


2015.08.22
༸གོང་ས་མཆོག་ནས་༧སྐུའི་ཡང་སྲིད་ཕེབས་ཕྱོགས་ཐད་བཀའ་གནང་ཡོད་པ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག།
༧དཔལ་ལྡན་སྐུ་སྒེར་དྲ་གནས།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་མཐུན་བསྒྲིལ་དང་བྱམས་བརྩེ་གོང་འཕེལ། དབུལ་ཕྱུག་གི་བར་ཁྱད། ༧སྐུའི་ཡང་སྲིད་ཕེབས་ཕྱོགས་སོགས་ཀྱི་ཐད། ཨ་མི་རི་ཀའི་ PBS སྤྱི་དམངས་བརྙན་འཕྲིན་ཞབས་ཞུ་ཁང་གིས་རྒྱང་སྲིངས་ཞུས་པའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་བཅུར་ཕེབས་པ་དང་བསྟུན་ཆེད་སྒྲིགས་བཅར་འདྲིའི་ལེ་ཚན་གྱི་ནང་བཀའ་གནང་འདུག།
PBS བརྙན་འཕྲིན་ཞབས་ཞུ་ཁང་གི་གསར་འགོད་པ་རྒན་གྲས་ Fred De Sam Lazaro ཟླ་ཤས་སྔོན་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཅར་འདྲི་དགོངས་བསྐོར་ཞུས་ཡོད་པ་དང་། ཁོང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྤྱི་ཚོགས་ཀྱི་སྡེ་ཚན་འདྲ་མིན་ཧ་ལས་པའི་མང་པོ་ཞིག་གིས་གུས་བརྩི་ཞུ་བཞིན་པ་ལྟ་བུ་འཛམ་གླིང་ནང་གུས་བརྩི་ཞུ་ཡུལ་གཞན་སུ་ཡང་མེད་པ་འགྲེལ་བརྗོད་གནང་འདུག། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༡ ལོ་ནས་ཆབ་སྲིད་ཀྱི་ཐུགས་འགན་ཁག་ནས་ཡོངས་སུ་རྒས་ཡོལ་དུ་ཕེབས་ཟིན་རྗེས་ད་ཆ་༧སྐུའི་ཕན་པ་ཡོངས་རྫོགས་འཛམ་གླིང་ནང་ཞི་བདེ་བསྐྲུན་ཐབས་ཐོག་གཏོང་གནང་བཞིན་ཡོད་པ་བཀའ་གནང་ཞིང་། དེ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཞི་བདེ་ཟེར་བ་དེ་ཡང་གཙོ་བོ་རང་རྒྱུད་ལ་གཞན་གྱི་ཆེད་བྱམས་བརྩེའི་བསམ་པ་བསྐྲུན་པའི་ཐོག་ནས་ཡོང་དགོས་པ་བཀའ་གནང་འདུག། འདི་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་གི་ཆོས་ལུགས་ཆེ་ཁག་ཚང་མའི་བསླབ་བྱ་ཡིན་པ་བཀའ་གནང་ཡོད་པ་རེད།
ད་དུང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་དབུལ་ཕྱུག་འཁོད་མི་སྙོམས་པའི་དཀའ་ངལ་ཆེན་པོ་ཞིག་ཡོད་པ་དེ་དག་ནི་མིའི་བསམ་བློའི་ཀུན་སྤྱོད་དྲང་བདེན་ཞིག་མེད་པའི་ཐོག་ནས་བྱུང་བ་ཞིག་ཡིན་སྟབས་སློབ་གསོའི་ལམ་ནས་སྤྱི་ཚོགས་ཡར་རྒྱས་གཏོང་ཐབས་ལ་འབད་བརྩོན་བྱེད་དགོས་སྐོར་བཀའ་གནང་འདུག།   ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཞི་རྩའི་མ་ཀེ་སི་རིང་ལུགས་ཀྱི་དཔལ་འབྱོར་ལྟ་གྲུབ་དེ་ཡག་པོ་ཞིག་ཡིན་ཡང་། མ་ཀེ་སི་རིང་ལུགས་སམ་སྤྱི་ཚོགས་རིང་ལུགས་ཀྱི་རྗེས་མཇུག་པ་ཡིན་ཟེར་མཁན་ཆབ་སྲིད་འགོ་ཁྲིད་པ་ཚོས་དོན་དངོས་ལྟ་གྲུབ་དེ་ལག་བསྟར་བྱས་མེད་པ་བཀའ་གནང་ཡོད་པ་རེད།
ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་འབྱོར་ཡར་རྒྱས་གཅིག་པུས་མིའི་བདེ་སྐྱིད་བསྐྲུན་ཐུབ་ཀྱི་མེད་པའི་རྟགས་ཚན་གསལ་པོ་ཞིག་ནི། རྒྱ་ནག་གི་སྲིད་འཛིན་ཤི་ཇིན་པིང་གིས་རྒྱ་ནག་གི་སྤྱི་ཚོགས་འཕེལ་རྒྱས་ཐོག་ནང་པའི་ཆོས་ལུགས་ཀྱི་ཐོག་ནས་ཤུགས་རྐྱེན་ཆེན་པོ་བཟོ་ཐུབ་རྒྱུ་ཡིན་པ་གསུངས་པ་དེ་རེད་ཅེས་དང་། ཆོས་ཁས་མི་ལེན་མཁན་དམར་པོའི་རིང་ལུགས་ཀྱི་འགོ་ཁྲིད་ཅིག་གིས་དེ་ལྟར་ངོས་ལེན་གནང་པ་དེ་ནི་བསམ་ཡུལ་ནས་འདས་པ་ཞིག་རེད་ཅེས་གསུངས་འདུག།
ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་ནག་གཞུང་གིས་སྟངས་འཛིན་བྱེད་ཐབས་བྱེད་བཞིན་པའི་ཐད་དགོང་ཚུལ་བཅར་འདྲི་ཞུས་པར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧སྐུའི་ཡང་སྲིད་ཕེབས་མིན་ནི་གཙོ་བོ་བོད་མི་དམངས་ཀྱི་འདོད་པའི་ཐོག་ནས་ཐག་གཅོད་དགོས་རྒྱུ་ཕྱི་ལོ་ ༡༩༦༩ ལོ་ཙམ་ནས་གསལ་པོ་བཟོས་ཟིན་པ་ཡིན་ཞེས་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་སྐབས་མ་འོངས་པའི་ཡང་སྲིད་ཕེབས་ཕྱོགས་ཐད་བོད་ཀྱི་ནང་པའི་དབུ་ཁྲིད་ཁག་དང་བོད་མི་དམངས་ལ་གོ་བསྡུར་གནང་པའི་ཐོག་ནས་ཐག་གཅོད་གནང་རྒྱུ་ཡིན་པ་གསལ་བཤད་གནང་འདུག།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎