༸གོང་ས་མཆོག་ནས་སྟོན་པའི་སྤྱི་གླིང་གི་ལྡུམ་ར་དབུ་འབྱེད།
2010.05.27
༄༅༎རྒྱ་གར་གྱི་སྦི་ཧར་མངའ་སྡེའི་གཞུང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ས་ག་ཟླ་བའི་ཉིན་ཁྱད་པར་ཅན་དེ་དང་བསྟུན་སྦི་ཧར་མངའ་སྡེའི་རྒྱལ་ས་པཊ་ནའི་ནང་སྟོན་པའི་སྤྱི་གླིང་གི་ལྡུམ་ར་ཆེན་པོ་ཞིག་དབུ་འབྱེད་གནང་ཡོད་པའི་སྐོར་རྒྱ་གར་གྱི་དུས་བབ་ཅེས་པའི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད་
དེ་ནི་ཟླ་ཤས་གོང་དེ་སྔ་རྒྱ་གར་དབུས་གཞུང་གི་རི་ལིའི་བློན་ཆེན་དང་དེང་སྦི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནི་ཏིཤ་ཀུ་མའར་མཆོག་ནས་ཆད་མངགས་༸གོང་ས་མཆོག་གི་བཞུགས་ཡུལ་བཙན་བྱོལ་བོད་གཞུང་གི་བསྟི་གནས་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་གྱིས་སྤྱི་ནོར་༸གོང་ས་མཆོག་ལ་མངའ་སྡེའི་གཞུང་གིས་རྒྱལ་ས་པཊ་ནའི་ནང་འཛུགས་བསྐྲུན་བྱེད་བཞིན་པའི་སྟོན་པའི་སྐྱེད་མོས་ཚལ་དེ་དབུ་འབྱེད་ཡོང་བའི་གསོལ་འདེབས་ཞུས་ཡོད་པ་ལྟར་སྤྱི་ནོར་༸གོང་ས་མཆོག་ནས་དེ་རིང་ས་ག་ཟླ་བའི་ཉིན་མོ་དང་བསྟུན་སྐྱེད་མོས་ཚལ་དེ་དབུ་འབྱེད་གནང་ཡོད་པ་དང་སྐབས་དེར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནི་ཏིཤ་ཀུ་མའར་མཆོག་དང་ཁོང་གི་ཕྱག་རོགས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་སུ་ཤིལ་ཀུ་མའར་མོ་ཌི་མངའ་སྡེའི་སྤྱི་ཁྱབ་རྡེ་ལྦ་ནན་ཀུན་ལྦར་བཅས་ཆེས་མཐོའི་དབུ་ཁྲིད་ཚོས་༸གོང་ས་མཆོག་ཕེབས་བསུའི་སྣེ་ལེན་དང་འབྲེལ་༸གོང་ས་མཆོག་ནས་སྐྱེས་མོས་ཚལ་དེའི་ནང་ཤེ་རི་ལང་ཀ་ནས་འཁྱེར་ཡོང་བའི་བྱང་ཆུབ་ལྗོན་ཤིང་ཞིག་འདེབས་བཙུགས་གནང་ཡོད་འདུག
རྒྱ་གར་གྱི་དུས་བབ་གསར་ཤོག་གིས་གནས་ཚུལ་སྤེལ་འདོན་ལ་གཞིགས་ན་ སྟོན་པའི་སྐྱེད་མོས་ཚལ་དེ་དབུ་འབྱེད་ཀྱི་མཛད་སྒོར་ནང་པའི་རྒྱལ་ཁབ་ཉི་ཧོང་དང་འབར་མ་ ཤེ་རི་ལང་ཀ་ ཐའེ་ལེན་ཌི་བཅས་ཡུལ་ཁག་བཞི་ནས་སྐུ་ཚབ་ཕེབས་ཡོད་པ་དང་ སྐྱེད་ཚལ་དེ་བཞིན་རྒྱལ་ས་པཊ་ནའི་རི་ལིའི་བབས་ཚུགས་ཀྱི་ཉེ་འདབས་ས་ཁུལ་ཞིག་ལ་ཡོད་པ་དང་དེར་སྦི་ཧར་གཞུང་གིས་ཧིན་སྒོར་བྱེ་བ་༡༢༥འགྲོ་གྲོན་བཏང་སྟེ་ཨེ་ཁར་༢༢ཙམ་གྱི་ས་གཞིའི་རྒྱ་ཁྱོན་ཡོད་པའི་སྤྱི་གླིང་ཚད་ལྡན་ཞིག་བསྐྲུན་ཡོད་པ་བཀོད་ཡོད་པ་རེད།