རྒྱ་གཞུང་གིས་དགོན་སྡེ་ཁག་གི་ནང་དམ་བསྒྲགས་བྱེད་པ།
2012.05.19
༄༅༎རྒྱ་ནག་གཞུང་གིས་བོད་ནང་གི་དགོན་སྡེ་ཁག་ཏུ་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ལས་འགུལ་སྤེལ་འགོ་བཙུགས་ཏེ་གྲྭ་བཙུན་ཚོའི་སློབ་གཉེར་ལ་འགོག་རྐྱེན་བཟོ་བཞིན་ཡོད་འདུག
ཉེ་ལམ་བོད་རང་སྐྱོང་ལྗོངས་ཁོངས་དགོན་སྡེ་ཁག་ཏུ་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ལས་འགུལ་ཟེར་བ་ཞིག་སྤེལ་བཞིན་ཡོད་པ་དང༌། བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་པདྨ་འཕྲིན་ལས་ཀྱིས། དགོན་སྡེ་ཁག་ཏུ་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ལས་འགུལ་སྤེལ་རྒྱུ་ནི། དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད། དགོན་སྡེའི་འཆམ་མཐུན་དང་བརྟན་ལྷིང་སྲུང་སྐྱོབ་ལ་ཕན་ནུས་ལྡན་པ་ཞིག་དང་། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་མཉམ་མཐུན་ལ་ལམ་སྟོན་བྱེད་པའི་གལ་ཆེའི་བྱ་ཐབས་ཤིག་དང༌། ཏཱ་ལའི་རུ་ཚོགས་ཀྱི་ཁ་བྲལ་སིམ་འཛུལ་ལ་གཏོར་བཤིག་དང་འགོག་རྒོལ་བྱེད་པའི་ཕན་ནུས་ལྡན་པའི་བརྒྱུད་རིམ་ཞིག་རེད་ཅེས་བརྗོད་ཡོད་འདུག།
འོན་ཀྱང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། ལས་འགུལ་འདི་ནི། རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༩༦ ལོར་ཐོག་མར་བོད་རང་ལྗོངས་ཀྱི་དགོན་སྡེ་ཁག་ཏུ་སྤེལ་བ་དང༌། དེ་ནས་བཟུང་ད་བར་དགོན་སྡེ་ཁག་ཏུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་དང་ལེན་མ་བྱས་པའི་གྲྭ་བཙུན་རྣམས་འཇུ་བཟུང་དང་ཕྱིར་འབུད་བྱེད་པ་སོགས་ཀྱིས། གྲྭ་བཙུན་ཁྲི་ ༡ ལ་ཉེ་བ་དགོན་པ་དང་ཁ་བྲལ་དགོས་པའི་གནས་སྟངས་ཆགས་ཡོད་པ་མ་ཟད། ༢༠༠༨ ལོའི་ཟླ་ ༣ པ་ནས་བཟུང་བོད་ཀྱི་དགོན་སྡེ་ཁག་ནང་ཆོས་ཕྱོགས་ཀྱི་བྱེད་སྒོ་དང༌། གྲྭ་བཙུན་གྱི་སློབ་གཉེར་ལ་བར་ཆད་དང་འགོག་རྐྱེན་ཚབས་ཆེ་བཟོ་བཞིན་ཡོད་ལུགས་བརྗོད་འདུག།