ཆོས་ཞེས་པ་དེ་ཁ་ཙམ་ཚིག་ཙམ་མིན་པར་ལག་ལེན་ངོ་མའི་ཐོག་ནས་བྱིན་རླབས་འཇུག་པ་བྱེད་དགོས། ༧གོང་ས་མཆོག་གིས།

བོད་མིའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ། སྤྱི་ཟླ་༩པའི་ཚེས་༢༥ཉིན་ཐེ་ཝན་གྱི་རྒྱ་རིགས་གཙོས་པའི་བསྒྲུབ་བྱ་དགེ་འདུན་པ་༣༠ལྷག་ཙམ་ཞིག་ལ། ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་འབོག་འཇོག་མཛད་གནང་ཡོད་ཅིང་། སྐབས་དེར་མགོན་པོ་གང་ཉིད་ལ་སངས་རྒྱས་ཐུགས་རྗེ་ཅན་གྱིས་དངོས་སུ་ཞལ་གཟིགས་ཡོང་སྟེ། མགོན་པོ་གང་ཉིད་ཀྱིས་སྐུ་ཚེ་ཧྲིལ་བོར་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་འཛིན་སྐྱོང་སྤེལ་གསུམ་གནང་བའི་མཛད་བཟང་ལ། སངས་རྒྱས་བཅོམ་ལྡན་འདས་ཐུགས་དགྱེས་ཚོར་ཆེན་པོ་གནང་བཞིན་པའི་སྐུ་མདུན་དུ་བཅར་ཏེ། ཕྱི་གླིང་བའི་མངར་ཟས་(Chocolate)་གཉིས་སངས་རྒྱས་ཐུགས་རྗེ་ཅན་ལ་འབུལ་ལམ་ཞུས་པ་སོགས་བཀའ་ཕེབས་པ་དང་འབྲེལ། མགོན་པོ་གང་ཉིད་ཀྱིས་གསར་དུ་བསྒྲུབས་པའི་དགེ་ཚུལ་རྣམ་པར་ལམ་སྟོན་ཕེབས་དོན། མ་གཞི་དངོས་ཡོད་གནས་ཚུལ་ལའང་བོད་ཕྱི་ནང་ཡོངས་རྫོགས་རྒྱ་ནག་གིས་དབང་དུ་བསྒྱུར། ང་ཚོ་བཙན་བྱོལ་བ་ཆགས་ཏེ་ཕྱོགས་གཅིག་ནས་བལྟས་ན་སྐྱབས་མེད་མགོན་མེད་ལྟ་བུ་རེད་དེ། ཡང་ཕྱོགས་གཞན་གཅིག་ནས་བལྟས་ན། དངོས་གནས་དྲང་གནས་ཆོས་ལ་ཞབས་འདེགས་སྒྲུབ་མཁན་ཞིག་སྟེ་རང་དབང་ལྡན་པའི་སྒོ་ནས་བསྟན་པའི་ཞབས་འདེགས་སྒྲུབ་མཁན་ཞིག་ཆགས་བསྡད་ཡོད་པས་ང་རང་ཚོ་བསོད་ནམས་ཆེན་པོ་རེད། ད་ལྟའི་བར་དུ་ཚང་མས་ཧུར་ཐག་བྱས་པ་བཞིན། ད་དུང་ཡིན་ནའང་ཧུར་ཐག་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་རེད། ཆོས་ཞེས་པ་དེ་ཁ་ཙམ་ཚིག་ཙམ་མིན་པར། ལག་ལེན་ངོ་མའི་ཐོག་ནས་ཆོས་དང་མཐུན་པའི་ལག་ལེན་བཀལ་སྟེ་ཆོས་ཀྱི་བྱིན་རླབས་ཤིག་ཞུགས་པ་ཡིན་ན་འདྲ་འདྲའི་ནང་གི་མི་འདྲ་བ་ཞིག་ཆགས་ཡོང་གི་རེད་ཅེས་བཀའ་སྩལ་འདུག
ཐེ་ཝན་གྱི་རྒྱ་རིགས་ཚོར་དགེ་ཚུལ་སྒྲུབ་སྐབས་ཕྱག་ཕྱི་གནང་མཁན་གྱི་གྲས་དགེ་བཤེས་བློ་བཟང་གྲགས་པ་ལགས་ནས། ༧གོང་ས་མཆོག་གིས་དགེ་ཚུལ་གསར་དུ་བསྒྲུབས་པ་ཚོར་མ་འོངས་པར་ཉམས་ལེན་གྱི་རིམ་པ་དང་། གསུང་ཆོས་དང་དགེ་ཚུལ་གྱི་རྗེས་སུ་དགེ་སློང་གི་སྡོམ་པ་ལེན་དགོས་པ་སོགས་ལམ་སྟོན་ཕེབས་པ་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་སྤྱི་ཟླ་༩པའི་ཚེས་༢༦ཉིན་བསྒྲུབ་བྱ་བཙུན་མ་༤༠ལྷག་ཅིག་ལ་དགེ་ཚུལ་གྱི་སྡོམ་པ་སྩལ་གནང་མཛད་ཡོད་ཅིང་། ཨ་མི་རི་ཀ་ནས་ཡིན་པ་དགེ་ཚུལ་མ་ནོར་སྐྱིད་ལྷ་མོ་ལགས་ནས། ལོ་མང་རིང་མི་སྐྱ་བྱས་ནས་དེ་རིང་༧གོང་ས་མཆོག་གི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་ཐོབ་པར་ཧ་ཅང་དགའ་ཚོར་ཆེན་པོ་དང་། མགོན་པོ་མཆོག་གིས་རྟགས་ཆ་ལུགས་བརྗེས་པ་ཙམ་མིན་པར། ནང་སེམས་ལ་འགྱུར་བ་བཏང་དགོས་པའི་སྐོར་བཀའ་ཕེབས་པ་འགྲེལ་བརྗོད་གནང་བྱུང་།
ཐེ་ཝན་ནས་ཡིན་པ་བསྟན་འཛིན་སྒྲོན་མེ་ལགས་ནས་དགེ་ཚུལ་མའི་སྡོམ་པ་ཐོབ་པར་ཤིན་ཏུ་དགའ་སྤྲོ་དང་། མོ་རང་བྱང་ཆུབ་ཆོས་གླིང་དུ་སློབ་སྦྱོང་གནང་བསྡད་པའི་སྒང་ཡིན་པ་དང་། མགོན་པོ་མཆོག་གིས་གཙོ་བོ་ནང་ཆོས་ཉམས་སུ་ལེན་པར་འཁོར་བ་ལས་ངེས་པར་འབྱུང་དགོས་སྐོར་བཀའ་སྩལ་བ་འགྲེལ་བརྗོད་གནང་བྱུང་།
ཐེ་ཝན་གྱི་ཚོགས་གཉིས་ཆོས་ཚོགས་ནས་དབྱར་ཆོས་ཀྱི་སྐབས་ལོ་ལྟར་གསོལ་འདེབས་ཞུས་པ་བརྒྱུད། ༧གོང་ས་མཆོག་གིས་གསུང་ཆོས་གནང་བ་དང་དགེ་ཚུལ་སློང་གི་བསླབ་སྡོམ་སྩལ་བ་སོགས་གནང་ལམ་ཡོད་པ་བཞིན། ད་ལམ་ཡང་དགེ་ཚུལ་གྱི་སྡོམ་པ་གནང་བཞིན་པ་དང་མཚུངས་སུ། ཐེ་ཝན་གྱི་རྒྱ་རིགས་ཚོས་གསོལ་འདེབས་ཞུས་པ་ལྟར་རིང་མིན་སྤྱི་ཟླ་༩པའི་ཚེས་༣༠ནས་ཉིན་གྲངས་གཉིས་རིང་། བཞུགས་སྒར་དུ་༧གོང་ས་མཆོག་གིས་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་སྩལ་གཏན་འཁེལ་ཡོད་པ་རེད།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།