༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ལྦན་དད་ལྡན་པ་ ༣༠ ལ་དགེ་ཚུལ་སྡོམ་པ་འབོག་ཆོག་སྩལ་གནང་ཡོད་པ།
ཟླ་ ༩ པའི་ཚེས་ ༢༥ ཉིན་གྱི་སྔ་དྲོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་རྒྱ་རིགས་གཙོས་པའི་ནང་པའི་རྗེས་འབྲང་པ་ ༣༠ ལ་དགེ་ཚུལ་གྱི་སྡོམ་པ་འབོག་ཆོག་མཛད་ཡོད་པ་དང་། ཐེངས་འདིར་དགེ་ཚུལ་སྡོམ་པའི་འབོག་ཆོག་སྩལ་ཡོད་པ་དེ་ནི། ལོ་ལྟར་བཞིན་དབྱར་ཆོས་སྐབས་ཐེ་ལྦན་ཚོགས་གཉིས་ཆོས་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་གསུང་ཆོས་དང་དགེ་ཚུལ་སློང་གྲུབ་གནང་གི་ཡོད་པ་ལྟར། ད་ལན་དགེ་ཚུལ་སྒྲུབ་རྒྱུ་དེ་ཡིན་ཞིང་། སྐབས་དེར་༸གོང་ས་མཆོག་གིས་མ་འོངས་པར་སྡོམ་པ་སྲུང་ཕྱོགས་དང་ཉམས་ལེན་གནང་ཕྱོགས་སྐོར་བཀའ་སློབ་ཟབ་ཅིང་རྒྱས་པ་སྩལ་གནང་ཡོད་ཅིང་། དགེ་ཚུལ་གྱི་རྗེས་ལ་དགེ་སློང་སྒྲུབ་དགོས་པའི་བཀའ་སློབ་ལམ་སྟོན་ཕེབས་སོང་ཞེས། རྣམ་རྒྱལ་གྲྭ་ཚང་གི་དཔེ་འཁྲིད་དགེ་རྒན་དགེ་བཤེས་བློ་བཟང་གྲགས་པ་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གཞན་ཡང་ཟླ་བ་འདིའི་ཚེས་ ༢༤ ཉིན་རྡ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱི་སྣེ་ཁྲིད་འོག ཀང་རའི་རྫོང་དཔོན་ཧེམ་རཇ་བྷེར་ལྦ་ Hemraj Bairwa (I.A.S.) ལགས་དང་། སོའོ་རབ་ཇ་སལ་ Saurabh Jassal (I.A.S.) དབུས་པའི་རྡ་རམ་ས་ལའི་ཆེས་མཐོའི་དཔོན་རིགས་ཁག་གཅིག་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་པ་དང་། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། རྡ་རམ་ས་ལ་ནི་ཡུལ་ལྗོངས་མཛེས་ཤིང་མགོན་པོ་མཆོག་གི་ཁྱིམ་གཉིས་པ་ལྟ་བུ་ཡིན་ཞེས་བཀའ་སྩལ་ཡོད་པ་དང་མཉམ། རྫོང་དཔོན་རྣམ་པ་ནས་ཀྱང་། ༸གོང་ས་མཆོག་བཞུགས་སྒར་དུ་བཞུགས་ཡོད་པར་བརྟེན་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཡུལ་སྐོར་སྤྲོ་འཆམ་པ་སོགས་ཧ་ཅང་མང་པོ་ཡོང་གི་ཡོད་པ་དེས། རྫོང་སྤྱི་ཡོངས་ཀྱི་ཡར་རྒྱས་ལ་བཀའ་དྲིན་ཆེན་པོ་ཡིན་ཞེས་སྙན་གསེང་ཞུས་ཡོད་པ་རེད་ཅེས། རྡ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
རྩ་བའི་ཟླ་བ་འདིའི་ཚེས་ ༣༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐའེ་ལྦན་གྱི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་དང་། ཟླ་ ༡༠ པའི་ཚེས་ ༡ ཉིན་གྱི་སྔ་དྲོར་ཐའེ་ལྦན་དད་ལྡན་མི་མང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་རེད་འདུག
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།