རྒྱ་ནག་གཞུང་གིས་བོད་ནང་སྔར་བས་དམ་བསྒྲགས་བྱེད་པ།
2009.02.24
༄༅༎དེང་སྐབས་རྒྱ་ནག་གཞུང་གིས་བོད་ནང་དམ་བསྒྲགས་ཀྱི་སྲིད་ཇུས་ལག་བསྟར་བྱེད་པ་མ་ཟད་དམིགས་བསལ་བོད་ཀྱི་ལོ་གསར་ལ་དམིགས་ཏེ་དམ་བསྒྲགས་བྱེད་པའི་སྐབས་དེར་ཉེ་ཆར་རྒྱ་མིའི་ཉེན་རྟོག་པར་བོད་ཀྱི་ས་ཁུལ་ནང་ནས་འབར་རྫས་ཤིག་རྙེད་སོན་བྱུང་ཡོད་པའི་སྐོར་དེ་རིང་རོའུ་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།
ན་ནིང་ཕྱི་ཟླ་གསུམ་པའི་ཚེས་བཅུ་བོད་མིའི་རང་དབང་སྒེར་ལངས་ཉིན་མོར་བོད་ཀྱི་རྒྱལ་ས་གཙོས་པའི་ཆོལ་ཁ་གསུམ་ནང་བོད་མི་ཚོས་ཞི་བའི་རྔམ་སྟོན་ངོ་རྒོལ་བྱས་པར་རྒྱ་ནག་གཞུང་གིས་དམར་གསོད་ཆེན་པོ་བཏང་སྟེ་མི་ལོ་གཅིག་འཁོར་ལ་ཉེ་བ་ཡོད་ཀྱང་རྒྱ་ནག་གཞུང་གིས་མུ་མཐུད་བོད་མིའི་ཐོག་དམ་བསྒྲགས་བྱེད་མུས་ཐོག་བོད་ཀི་ལོ་གསར་གྱི་སྔ་ནུབ་ཏུ་བོད་མི་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་ཉེན་ཁ་འགོག་ཐབས་ཀྱི་དྲག་པོའི་གྲ་སྒྲིག་བྱས་ཏེ་གནས་བཞིན་ཡོད་པ་དང་ད་དུང་ཆབ་སྲིད་ཀྱི་ཚོར་བ་རྐྱེན་པའི་དུས་ཚོད་ཅིག་ཀྱང་སླེབས་ལ་ཉེ་བ་ནི་རྒྱ་ནག་གཞུང་གིས་དེ་སྔ་ཕྱི་ལོ་ལྡ་དགུའི་ལོར་བོད་བཙན་བཟུང་བྱས་པར་བོད་མི་ཚོས་ངོ་རྒོལ་སྒེར་ལངས་བྱས་ཏེ་མི་ལོ་ལྔ་བཅུ་འཁོར་བའི་དུས་ཚིགས་དེ་ཡིན་པ་རེད། ཉེ་ཆར་བོད་ཀྱི་ཤར་ཕྱོགས་ཟི་ཁྲོན་ཞིང་ཆེན་གྱི་ས་མཚམས་འཁེལ་ཡུལ་བོད་ཀྱི་ཆབ་མདོ་ས་གནས་ཀྱི་ཟམ་པ་ཞིག་གི་འོག་ནས་འབར་རྫས་ཀི་ལོ་ག་རམ་འགའ་ཤས་རྙེད་སོན་བྱུང་བའི་སྐོར་བཤད་ཡོད་ཅིང་གནས་ཚུལ་ངོ་སྤྲོད་པ་ཞིག་གིས་རོའུ་ཀྲར་གསར་འགྱུར་ལས་ཁང་ལ་རྒྱ་མིའི་ཉེན་རྟོག་པས་འབར་རྫས་རྙེད་སོན་བྱུང་བ་དེའི་སྐོར་འཚོལ་ཞིབ་བྱེད་བཞིན་ཡོད་པ་དང་ཡིན་ནའང་ད་ལྟ་མི་འཛིན་བཟུང་བྱས་པའི་གནས་ཚུལ་གང་ཡང་བྱུང་མེད་པའི་སྐོར་བཤད་ཡོད་པ་ལས་ཁོང་ལ་ཉེན་ཁ་ཡོང་རྒྱུའི་འཇིགས་སྣང་འོག་གནས་ཚུལ་ངོ་སྤྲོད་པའི་མཚན་དང་དོན་རྐྱེན་དེའི་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་འགྲེལ་བརྗོད་བྱས་མེད་པ་རེད། རོའུ་ཀྲར་གསར་འགྱུར་ལས་ཁང་གིས་ཆབ་མདོ་ས་གནས་གཞུང་དང་ཉེན་རྟོག་པར་དོན་རྐྱེན་དེའི་སྐོར་འདྲི་རྩད་ཆེད་འབྲེལ་གཏུགས་བྱེད་ཐུབ་མེད་པ་དང་བོད་ཀྱི་དྲིལ་བསྒྲགས་ཚན་པར་འབྲེལ་གཏུགས་བྱས་ཀྱང་དེའི་སྐོར་གང་ཡང་བཤད་མེད་པ་རེད།