དུས་འཁོར་དབང་ཆེན་གྲ་སྒྲིག་ཆེད་ཕྱོགས་ཕེབས་གནང་བ།
2016.07.05
བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ཕྱི་ཟླ་༧་ཚེས་ ༤་ནས་༡༤་བར་རྒྱ་གར་གྱི་གྲོང་ཁྱེར་པ་ཊ་ཎ་དང་། གནས་མཆོག་རྡོ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༤་བ་གོ་སྒྲིག་ལས་དོན་ཆེད་མངའ་སྡེ་དང་། ས་གནས་ཀྱི་དཔོན་རིགས་ཁག་མཇལ་འཕྲད་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༤་པའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཞོན་འཕྲོད་བསྟེན་བཀའ་བློན་གིས་གྲོང་ཁྱེར་པ་ཌ་ཎ་དང་། གྷ་ཡ་གཉིས་སུ་མངའ་སྡེའི་བློན་ཆེན་དང་འབྲེལ་ཡོད་དཔོན་རིགས་ཁག་མཇལ་འཕྲད་གནང་ནས་དུས་འཁོར་དབང་ཆེན་གྱི་གྲ་སྒྲིག་གནང་ཕྱོགས་སྐོར་བཀའ་མོལ་ཞུ་རྒྱུ་ཡིན་འདུག
ཡང་རྒྱ་གར་བྱང་ཤར་ཤི་ལོང་དུ། རྒྱ་གར་གྱི་རིག་གཞུང་དང་ཨེ་ཤེ་ཡའི་མཉམ་འདུས་ལས་ཁང་Aurobindo Institute་ཞེས་པ་དང་། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མས་གོ་སྒྲིག་ཞུས་ཐོག ཤི་ལོང་ས་གནས་འགོ་འཛིན་ལས་ཁང་དང་། འཕགས་བོད་འབྲེལ་མཐུད་ལས་ཁང་བཅས་ཀྱི་མཐུན་འགྱུར་འོག ཕྱི་ཟླ་༧་ཚེས་༦་ཉིན་ཤི་ལོང་གྲོང་ཁྱེར་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༡་ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོ་ཟབ་རྒྱས་ཤིག་ཚོགས་རྒྱུར་སོང་། མཛད་སྒོའི་སྐུ་མགྲོན་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་སྐུ་ཚབ་ཏུ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་མཛད་སྒོར་ཆེད་བཅར་ཞུ་རྒྱུ་ཡིན་འདུག སྐབས་དེར་Meghalaya་མངའ་སྡེའི་འཕྲོད་བསྟེན་དང་ཁྱིམ་ཚང་བདེ་དོན་བློན་ཆེན་A.L.Heck་མཆོག་དང་། རྡ་རམ་ས་ལའི་དབུས་གཙུག་ལག་སློབ་གྲ་ཆེན་མོའི་གཙོ་འཛིན་གཞོན་པའམ་ཉེ་བའི་རིགས་བདག་Dr. Kuldeep Chand Agnihotri་ལགས། རྒྱ་གར་གྲོས་འོག་མའི་ཚོགས་མི་སྐུ་ཞབས་Vincent Pala སོགས་གནད་ཡོད་མི་སྣ་མང་པོ་ཞིག་ཀྱང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་མཛད་སྒོའི་སྐུ་མགྲོན་དུ་ཕེབས་གཏན་འཁེལ་བའི་གནས་ཚུལ་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།