རྒྱ་ནག་སྤྱི་ཡོངས་ཀྱི་ཡར་རྒྱས་ལ་གནོད་སྐྱོན་ཆེན་པོ་ཡོང་ཉེན།
2008.11.16
༄༅༎རྒྱ་ནག་ནང་དབུལ་ཕྱུག་དབར་ཁྱད་པར་ཆེན་པོ་ཡོད་པ་དེས་ཡུལ་ནང་དངོས་ཟོག་བེད་སྤྱོད་བྱེད་ཤུགས་ཆུང་དུ་འགྲོ་གི་ཡོད་པ་དང་ཐོན་སྐྱེད་བྱེད་ཚད་ཉུང་དུ་འགྲོ་གི་ཡོད་པ་སོགས་ཀྱིས་རྒྱ་ནག་རྒྱལ་ཁབ་ཡར་རྒྱས་གོང་འཕེལ་འགྲོ་རྒྱུའི་མདུན་ལམ་ལ་འགོག་རྐྱེན་བཟོ་བཞིན་ཡོད་པའི་སྐོར་ཁ་ས་སྙན་ཐོ་ཞིག་འགྲེམས་སྤེལ་གནང་འདུག
སྲིད་འཛིན་ཧུའུ་ཅིང་ཐའོ་ཡིས་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་ནང་གི་འཛམ་གླིང་གི་ཆེས་མཐོའི་ལྷན་ཚོགས་སར་རྒྱ་ནག་ནང་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་འགྲོ་གི་ཡོད་པ་དེས་འཛམ་གླིང་གི་དཔལ་འབྱོར་གནས་སྟངས་གཏན་པོ་བཟོ་རྒྱུར་གལ་ཆེའི་ལེགས་སྐྱེས་ཡིན་སྐོར་འགྲེལ་བརྗོད་གནང་བའི་ཉིན་གཅིག་རྗེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐུན་སྐྱེན་སྦྱོར་སྤྲོད་འོག་འགྲེམས་སྤེལ་གནང་བའི་རྒྱ་ནག་གི་འགྲོ་བ་མིའི་ཡར་རྒྱས་ཞེས་ཁ་སྦྱང་དུ་འཁོད་པའི་སྙན་ཐོ་དེ་ཐོན་ཡོད་པ་རེད།
འོན་ཀྱང་གོང་ཞུས་སྙན་ཐོ་དེའི་ནང་རྒྱ་ནག་གི་འཁྱོག་ཤས་ཆེ་བའི་སྲིད་བྱུས་ཀྱིས་སྤྱི་ཚོགས་ནང་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་བཟོ་གི་ཡོད་པ་དང་རྒྱ་ནག་ནང་གི་དཔལ་འབྱོར་གྱི་ལྟེ་གནས་འཁེལ་སའི་གྲོང་ཁྱེར་ཁག་ནང་ཡུ་རོབ་ཀྱི་གནས་ཚད་དང་སྙོམ་པ་ལྟ་བུའི་འཛུགས་སྐྲུན་ཡར་རྒྱས་བཏང་གི་ཡོད་ནའང་དབུལ་ཕོངས་ཞིང་ཁུལ་ས་གནས་ཁག་དེ་ཚོ་ཨཕ་རི་ཀའི་དབུལ་ཕོངས་ཡུལ་གྲུ་ཁག་དང་འདྲ་བའི་གནས་སྟངས་ཧ་ཅང་སྐྱོ་པོ་ཡོད་པའི་རྒྱུ་མཚན་གྱིས་རྒྱལ་ཁབ་སྤྱི་ཡོངས་ཀྱི་ཡར་རྒྱས་གནོད་སྐྱོན་ཆེན་པོ་ཡོང་གི་ཡོད་པའི་ཉེན་བརྡ་བཏང་གནང་འདུག