བལ་ཡུལ་མའོ་གྱེན་ལོག་པ་བཞི་རྐྱེན་ལམ་དུ་བཏང་བ།
2009.12.06
༄༅༎བལ་ཡུལ་ནང་ཉེན་སྲུང་མི་སྣ་དང་མའོ་ཤོག་ཁག་གི་ངོ་རྒོལ་བའི་དབར་འཐབ་རྩོད་ནང་ངོ་རྒོལ་བ་བཞི་རྐྱེན་ལམ་དུ་ཕྱིན་པའི་རྗེས་སུ་རེས་གཟའ་ཉི་མའི་ཉིན་ཕྱོགས་འགལ་མའོ་ཤོག་ཁག་གིས་རྒྱལ་ཡོངས་སུ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག༎
རེས་གཟའ་པ་སངས་ཉིན་བལ་ཡུལ་ནུབ་ཕྱོགས་སུ་གཞུང་གི་ཉེན་སྲུང་མི་སྣས་མའོ་ཤོག་ཁག་གི་ངོ་རྒོལ་དྲག་གནོན་གྱིས་ངོ་རྒོལ་བ་བཞི་རྐྱེན་ལམ་དུ་བཏང་བའི་ཉེར་ལེན་དུ་མའོ་ཤོག་ཁག་གིས་རེས་གཟའ་ཉི་མའི་ཉིན་རྒྱལ་ཡོངས་སུ་རྔམ་སྟོན་ཁྲོམ་སྐོར་སོགས་ཀྱི་ངོ་རྒོལ་ཤུགས་ཆེ་བྱས་ཡོད་འདུག ངོ་རྒོལ་བ་ཚོས་རྒྱ་ལམ་བཀག་པ་དང་མོ་ཊ་དང་སྦག་སྦག་མང་པོ་མེར་བསྲེགས་སོགས་གཏོར་རྒོལ་བྱས་པར་བརྟེན་ལས་ཁུངས་དང་ཚོང་ཁང་རྣམས་སྒོ་རྒྱབ་དགོས་བྱུང་ཡོད་འདུག ནང་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཇ་ཡ་མུ་ཁུན་རྡ་ཁྭ་ནལ་གྱིས་གསུངས་པར་གཞིགས་ན་རྒྱལ་ཡོངས་སུ་ངོ་རྒོལ་བ་བཞི་ཅུ་ཞེ་གཅིག་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག་ དེ་དག་ནས་ཉི་ཤུ་རྩ་བདུན་རྒྱལ་ས་ཀཐ་མན་གྲུའི་ནང་འཛིན་བཟུང་བྱས་ཡོད་འདུག མའོ་ཤོག་ཁག་གི་དམར་ཤོག་གཞོན་ནུའི་ཡན་ལག་གི་འགན་འཛིན་གནེཤེ་མན་པུན་གྱིས་གཞུང་གིས་ངོ་རྒོལ་ཚོར་དྲག་གནོན་ཚད་ལས་འདས་པ་བྱས་པར་ཞིབ་འཇོགས་དགོས་པ་དང་རྐྱེན་ལམ་དུ་ཕྱིན་པ་དེ་དག་རྒྱལ་གཅེས་དཔའ་བོར་ངོས་འཛིན་བྱེད་དགོས་ཀྱི་རེད་ཅེས་གཏམ་བཤད་གནང་ཡོད་འདུག༎