གསེར་རྟ་བ་ཟླ་བ་གྲགས་པར་བོད་ནང་ནས་རྗེས་དྲན།
2012.02.03
༄༅༎རྒྱ་ནག་གཞུང་གིས་ད་རེས་གསེར་རྟའི་ནང་བོད་མི་ཞི་རྒོལ་བར་མེ་མདའ་རྒྱབ་སྟེ་དམར་བསད་བཏང་བའི་ཟླ་བ་གྲགས་པ་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་སྐབས་ས་ཁུལ་བོད་མི་མང་ཚོགས་དུར་ཁྲོད་ལ་འདུ་འཛོམས་ཀྱིས་མྱ་ངན་དང་ཁོང་ལ་བསྔོ་སྨོན་གསོལ་འདེབས་རྒྱ་ཆེ་ཞུས་ཡོད་པ་རེད་
རྒྱ་ནག་གཞུང་གིས་ཟླ་བ་སྡོན་མའི་ཕྱི་ཚེས་༢༤ ཉིན་གསེར་རྟ་རྫོང་ཐོག་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱེད་སྐབས་ཞི་བའི་མང་ཚོགས་ཀྱི་ཐོག་མེ་མདའ་རྒྱབ་སྟེ་སྐབས་དེར་ཉུང་མཐར་ཡང་བོད་མི་གཉིས་ལ་སྲོག་སྐྱོན་དང་མང་པོ་ཞིག་ལ་རྨས་སྐྱོན་བཏང་ཡོད་པ་དང་ སྐབས་དེར་མེ་མདའ་ཕོག་སྟེ་ ས་ལ་གྱེལ་བའི་དབོན་བཟའ་སྡེ་བའི་པོ་པོ་ལགས་རྒྱ་གཞུང་ཉེན་རྟོག་པས་བཙན་འཁྱེར་བྱས་ཡོད་ཀྱང་གསེར་རྟ་རྫོང་ཤོ་རེབ་གྲོང་ཚོའི་ཟླ་བ་གྲགས་པ་ལགས་ཀྱི་སྐུ་ཕུང་འདི་བོད་མི་མང་ཚོགས་ནས་ཕྱི་ཚེས་༡ཉིན་བླ་རུང་སྒར་གྱི་དུར་ཁྲོད་ལ་ཞུགས་འབུལ་གནང་ཡོད་པ་རེད་
དེ་ཡང་སྐབས་དེར་མང་ཚོགས་ཀྱིས་ཟླ་བ་གྲགས་པ་ལགས་ཀྱིས་འདྲ་པར་ཆེན་པོ་ཞིག་འོག་༢༠༡༢་ལོའི་ཕྱི་ཟླ་༡་པོའི་༢༤ཉིན་བོད་རང་དབང་ཆེད་སྐུ་སྲོག་ཤོར་བའི་མདོ་ཁམས་གསེར་རྟའི་རྒྱལ་གཅེས་དཔའ་བོ་ཟླ་བ་གྲགས་པ་ཐུགས་རྗེའི་འཛིན་པར་ཞུ་”ཞེས་ ཁོང་གིས་བོད་རྒྱལ་ཁབ་ཆེད་སྐུ་ལས་བསྐྱོན་པའི་མཛད་རྗེས་ལ་རྗེས་དྲན་དང་སྦྲགས་མཆོག་གསུམ་རྒྱལ་བ་རྒྱ་མཚོས་ཁོང་ལ་ཐུགས་རྗེའི་རྗེས་འཛིན་ཡོང་བའི་བསྔོ་སྨོན་རྒྱ་ཆེ་གནང་ཡོད་པ་རེད་