ཧྥ་རན་སིའི་སྲིད་འཛིན་ལ་ཞི་ཅིན་ཕིན་དང་མཉམ་བོད་དོན་གླེང་དགོས་བ་ཚོགས་སྡེ་ཁག་ཅིག་གིས་འབོད་སྐུལ་གནང་འདུག
རིང་མིན་ཕྱི་ཟླ་༥བའི་ཚེས་༥ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཧྥ་རན་སིར་གཞུང་འབྲེལ་འཚམས་གཟིགས་སུ་འབྱོར་གྱི་ཡོད་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་(FIDH)་དང་། ཚོགས་པ་དེའི་ཚོགས་མི་རྒྱལ་སྤྱིའི་བོད་དོན་ལས་དོན་ལས་འགུལ་ཁང་། དེ་བཞིན་ཧྥ་རན་སིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་(LDH)་བཅས་ཀྱིས་མཉམ་དུ་ཧྥ་རན་སིའི་སྲིད་འཛིན་(Emmanuel Macron)་ལགས་སུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་རིང་མིན་མཇལ་འཕྲད་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྤྱི་དང་ཡང་སྒོས་བོད་ཀྱི་གནད་དོན་གླེང་སློང་དགོས་བའི་འབོད་སྐུལ་ཞུས་ཡོད་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཚེས་༢ཉིན་གནས་ཚུལ་སྤེལ་འདུག
དེའི་ནང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡོ་རོབ་ཀྱི་སྲིད་བྱུས་འགན་འཛིན་(Vicent Metten)་ལགས་ཀྱིས། སྲིད་འཛིན་རྣམ་གཉིས་ཀྱི་མཇལ་འཕྲད་བཀའ་མོལ་ནང་རྒྱལ་སྤྱིའི་གནད་དོན་དཔེར་ན། ཡུག་ཁུ་རེན་(Ukraine)་དང་དཀྱིལ་ཤར་ཡུལ་གྲུ་ནང་གི་གནད་དོན་སོགས་མང་པོ་གླེང་སློང་བྱེད་རྒྱུ་ཡིན་ནའང་། བོད་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་སློང་བྱེད་རྒྱུ་བརྗེད་མི་ཉན་པ་གསུངས་འདུག
གཞན་ཡང་ཨ་རིའི་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་(HRW)་སྤྱི་ཚེས་༣་ཉིན་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་། ཧྥ་རན་སིའི་སྲིད་འཛིན་གྱིས་རྒྱ་ནག་གིས་སྲིད་འཛིན་ཞི་ཅིན་ཕིན་དང་མཉམ་(Paris)་ནང་མཇལ་འཕྲད་སྐབས། རྒྱ་ནག་གིས་མི་ཆོས་རིང་ལུགས་ལ་ཁ་གཏད་རྒོལ་རྡུང་དང་དྲག་གནོན་གྱི་གནད་དོན་ཤུགས་ཆེན་རུ་གཏོང་བཞིན་ཡོད་པའི་ནག་ཉེས་ཅན་གྱི་བྱ་སྤྱོད་སྤེལ་བཞིན་པའི་གནད་དོན་ཐད་ལ་མཇུག་འབྲས་གང་ཡོད་གླེང་སློང་གནང་དགོས་པ་གཙོས་པའི་རྒྱ་ནག་ནང་གི་འགྲོ་བ་མིིའི་ཐོབ་ཐང་གི་གནད་དོན་ཐད་གླེང་སློང་གནང་རྒྱུར་གལ་ཆེན་དུ་འཛིན་དགོས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་བརྗོད་འདུག
སྤྱི་ཟླ་༥་ཚེས་༦་དང་༧་བཅས་ཉིན་གྲངས་གཉིས་རིང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཧྥ་རན་སིའི་ནང་གཞུང་དོན་འཚམས་གཟིགས་སུ་ཕེབས་རྒྱུ་ཡིན་པ་དེ་ནི། ཁོང་སྤྱི་ལོ་༢༠༡༩་ལོ་ནས་བཟུང་ཡོ་རོབ་ནང་གི་འཚམས་གཟིགས་ཐེངས་དང་པོ་ཆགས་རྒྱུ་ཡིན་པ་དང་། དེའང་ཧྥ་རན་སིའི་སྲིད་འཛིན་(Macron)་སྤྱི་ལོ་༢༠༢༣་ལོའི་ཟླ་བཞི་པའི་ནང་རྒྱ་ནག་ལ་འཚམས་གཟིགས་ཕེབས་རྗེས་དང་། ཧྥ་རན་སི་དང་རྒྱ་ནག་བར་འབྲེལ་ལམ་བཙུགས་ནས་མི་ལོ་༦༠་འཁོར་པའི་དགའ་སྟོན་གྱི་མཛད་སྒོའི་ཆ་ཤས་སུ་གྱུར་ཡོད་པ་རེད་འདུག
ཆེས་གནད་གལ་ཅན་གྱི་དུས་སྐབས་འདིའམ་ཧྥ་རན་སིའི་སྲིད་འཛིན་རྒྱ་ནག་གི་སྲིད་འཛིན་དང་མཇལ་འཕྲད་མ་གནང་གོང་གི་ཉིན་ཤས་སྔོན་སྤྱི་ཟླ་བཞི་བའི་ཚེས་༣༠ཉིན། ཧྥ་རན་སིའི་སྲིད་འཛིན་(Macron)་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་སྲིད་འཛིན་བཞུགས་ཡུལ་(Elysee)་ཕོ་བྲང་དུ་བོད་ཀྱི་ཡུན་རིང་གི་གྲོགས་པོ་ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་(Andre Gattolin)་ལགས་སུ་(Legion of Honor)་ཞེས་པའི་ཆེ་མཐོའི་གཟེངས་རྟགས་འབུལ་བཞེས་གནང་པའི་མཛད་སྒོའི་ཐོག་མཇལ་མོལ་བྱུང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཧྥ་རན་སིའི་སྲིད་འཛིན་ལ་དེ་སྔ་སྤྱི་ལོ་༢༠༡༦་ལོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཧྥ་རན་སིར་ཆིབས་བསྒྱུར་གནང་པའི་དུས་ཚོད་དང་བསྟུན་ཏེ་མཇལ་འཕྲད་ཞུས་པའི་སྐབས་ལྷན་དུ་སྒྲོན་པའི་སྐུ་པར་ཞིག་གི་སྟེང་༧གོངས་མཆོག་གི་མཚན་རྟགས་སྐྱོན་གནང་མཛད་པ་དེ་ཕུལ་གནང་བ་དང་སྦྲགས་བོད་ཀྱི་གནད་དོན་ནམ་ཡང་མ་བརྗེད་པ་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད་པ་རེད།
སྤྱི་ཟླ་༥བའི་ཚེས་༥ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཧྥ་རན་སིར་གཞུང་འབྲེལ་འཚམས་གཟིགས་སུ་འབྱོར་གྱི་ཡོད་པ་དང་། ཕྱི་ཚེས་༦དང་༧སོ་སོར་ཧྥ་རན་སིའི་ནང་ཧྥ་རན་སིའི་སྲིད་འཛིན་གཙོས་གནད་ཡོད་ཀྱི་མི་སྣ་ཁག་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག་པར་བོད་མི་ཚོས་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་འདུག
གསར་འགོད་པ། ཆོས་སྐྱིད།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།