སྲིད་སྐྱོང་མཆོག་ཧྥ་རན་སིའི་སྲིད་འཛིན་དང་མཇལ་འཕྲད་བྱུང་བ་ནི་གནད་འགག་ཆེན་པོ་ཡིན་པ་གྲོས་ཚོགས་འཐུས་མི་ཟུར་པ་(Andre Gattolin)་ལགས་ཀྱིས་ངོས་འཛིན་གནང་གི་འདུག

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དེང་སྐབས་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་ལྟར། སྤྱི་ཟླ་༤པའི་ཚེས་༣༠ཉིན་ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་དང་ཡུན་རིང་བོད་པའི་གྲོགས་པོ་ཡིན་པ་སྐུ་ཞབས་(Andre Gattolin)་ལགས་སུ་ཧྥ་རན་སིའི་སྲིད་འཛིན་ཕོ་བྲང་དུ་ཆེ་བསྟོད་ཀྱི་གཟེངས་རྟགས་ཤིག་ཕུལ་བའི་མཛད་སྒོའི་སྐབས་སུ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་ཧྥ་རན་སིའི་སྲིད་འཛིན་(Emmanuel Macron)་མཆོག་དང་མཇལ་འཕྲད་ཀྱི་གོ་སྐབས་བྱུང་སྐབས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཧྥ་རན་སིའི་སྲིད་འཛིན་རྣམ་གཉིས་དེ་སྔ་༢༠༡༦ལོའི་སྤྱི་༩བའི་ཚེས་༡༢་ཉིན་མཇལ་འཕྲད་གནང་བའི་སྐབས་ཀྱི་སྐུ་པར་ཐོག་༧གོང་ས་མཆོག་གི་མཚན་རྟགས་བསྐྱོན་གནང་ཡོད་པ་ཞིག་ཕུལ་བ་དང་མཉམ་སྲིད་སྐྱོང་མཆོག་གིས་སྲིད་འཛིན་མཆོག་ལ་བོད་དོན་མ་བརྗེད་པར་ཐུགས་སྣང་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་(Brussels)་བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
དེའི་ཐད་ཧྥ་རན་སིའི་གྲོས་ཚོགས་འཐུས་མི་ཟུར་པ་(Andre Gattolin)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་བདུན་ཕྲག་རྗེས་མའི་ནང་ཧྥ་རན་སིའི་ནང་འཚམས་གཟིགས་སུ་འབྱོར་གྱི་ཡོད་པས། ད་རེས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཧྥ་རན་སིའི་སྲིད་འཛིན་མེཀ་རོན་དང་དུས་ཚོད་ཐུང་ངུ་ཞིག་གི་ནང་མཇལ་འཕྲད་གནང་ཏེ་བཀའ་མོལ་ཞུ་རྒྱུའི་གོ་སྐབས་བྱུང་བ་ཙམ་གྱིས་གནད་འགག་ཆེན་པོ་རེད་ལ། ཁོང་རྣམ་གཉིས་མཇལ་འཕྲད་གནང་བ་དེ་ནི་གནད་ཡོད་མི་སྣ་༣༠༠ལྷག་གི་མདུན་ཕྱི་གསལ་ནང་གསལ་ཆགས་ཡོད་དུས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་སླེབས་པའི་སྐབས་དེའི་ཐད་ཡ་ལན་ག་འདྲ་ཞིག་བྱེད་མིན་ང་ཚོས་བལྟ་རྒྱུ་རེད། ངའི་ངོས་ནས་ཡང་ཡང་སྲིད་འཛིན་མཆོག་ལ་རྒྱ་ནག་དང་འབྲེལ་ལམ་སྐབས་བོད་དོན་ཐད་ལངས་ཕྱོགས་འཁྲེགས་ཙམ་འཛིན་དགོས་བའི་རེ་སྐུལ་ཞུས་ཡོད་ཅེས་གསུངས་བྱུང་།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ད་རེས་ཧྥ་རན་སིའི་སྲིད་འཛིན་དང་ངོ་མཇལ་བྱུང་བ་འདི་ནི་ད་བར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཞིག་དང་ཡོ་རོབ་མང་གཙོའི་ཡུལ་གྲུ་ཆེ་གྲས་ཤིག་གི་དབུ་ཁྲིད་མཇལ་བ་ཐོག་མ་དེ་ཡིན་པ་དང་། ཧྥ་རན་སིའི་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་གིས་གནས་ཚུལ་དེ་བཀོད་སྤེལ་གནང་ཡོད་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ད་རེས་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་ནང་གཞུང་འབྲེལ་འཚམས་གཟིགས་དེ་ཐོག་མ་སུད་སིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་གཙོ་དང་གྲོས་ཚོགས་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་བ་སོགས་སུད་སིའི་ནང་གི་གཞུང་དོན་འཚམས་གཟིགས་འགྲུབ་རྗེས་ཧྥ་རན་སི་དང་། ཨི་ཊ་ལི་མངལ་ཁུལ་ལྷོ་ཊེ་རོལ་(South Tyrol)་ནང་གཞུང་དོན་འཚམས་གཟིགས་ཆེད་ཕེབས་ཡོད་པ་རེད།
རིང་མིན་ཕྱི་ཟླ་༥བའི་ཚེས་༥ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཧྥ་རན་སིར་གཞུང་འབྲེལ་འཚམས་གཟིགས་སུ་འབྱོར་གྱི་ཡོད་པ་དང་། ཕྱི་ཚེས་༦དང་༧སོ་སོར་ཧྥ་རན་སིའི་ནང་ཧྥ་རན་སིའི་སྲིད་འཛིན་གཙོས་གནད་ཡོད་ཀྱི་མི་སྣ་ཁག་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག་པར་བོད་མི་ཚོས་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་འདུག
གསར་འགོད་པ། བཀྲ་ཤིས་དབང་ཕྱུག རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།