གསར་འགོད་པ་སྲུང་སྐྱོབ་མཐུན་ཚོཌ་ནས་འབར་མར་སྐྱོན་བརྗོད།
2011.09.20
༄༅༎རེས་གཟའ་མིག་དམར་ཉིན་གསར་འགོད་རང་དབང་གོང་འཕེལ་དང་གསར་འགོད་པ་སྲུང་སྐྱོབ་དོན་གཉེར་བྱེད་མཁན་གྱི་རྒྱལ་སྤྱིའི་ཚོགས་པ་ཞིག་གིས་དྲག་པོའི་དབང་འཛིན་པ་ཚོས་སྲིད་དབང་བཟུང་བའི་འབར་མའམ་ མཡན་མར་གྱི་ནང་བཙན་གནོན་ཧ་ཅང་ཆེ་བའི་ཁྲིམས་ལུགས་མེད་པ་བཟོ་བ་དང་ཆབས་གཅིག་བཙོན་ཁང་ནང་ཡོད་པའི་གསར་འགོད་པ་དེ་དག་གློད་འགྲོལ་དགོས་རྒྱུའི་དགོས་འདུན་བཏོན་འདུག།
གསར་འགོད་པ་སྲུང་སྐྱོབ་མཐུན་ཚོགས་ཞེས་པའི་རྒྱལ་སྤྱིའི་ཚོགས་པ་དེས། མཡན་མར་ནི་འཛམ་གླིང་ནང་གསར་འགོད་པའི་ཐོག་དམ་དྲག་ཆེ་ཤོས་ཡོད་སའི་ཡུལ་གྲུ་དེ་ཡིན་པ་དང་། སྔ་ལོ་ཕྱི་ཟླ་བཅུ་གཅིག་པའི་ནང་ལབ་གླེང་མང་བའི་རྒྱལ་ཡོངས་འོས་བསྡུ་བྱས་ཏེ། གཞུང་འཛིན་གསར་པ་ཞིག་སླེབས་ཡོད་ཀྱང་ གསར་འགྱུར་རང་དབང་ཐོག་མུ་འཐུད་དམ་དྲག་ཤུགས་ཆེ་བྱེད་བཞིན་པར་མ་ཟད། ཉེས་འཛུགས་བྱེད་ཡུལ་གསར་འགོད་པ་ཚོར་མུ་འཐུད་དུས་ཡུན་རིང་པོའི་བཙོན་བཅུག་གི་ཉེས་ཆད་འགེལ་བཞིན་ཡོད་པ་བརྗོད་འདུག།
ད་དུང་རྒྱལ་སྤྱིའི་གསར་འགོད་རང་དབང་དོན་གཉེར་བྱེད་མཁན་གྱི་ཚོགས་པ་དེས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྣེ་འཁྲིད་འོག མཡན་མར་གྱི་དྲག་པོའི་དབང་འཛིན་པ་ཚོས་དམག་འཐབ་གནས་སྐབས་ཚད་ལས་བརྒལ་བའི་འགྲོ་བ་མིའི་ཐོབ་ཐང་བརྡེལ་བཤིག་བཏང་ཡོད་མིན་དང་། གསར་འགོད་པ་ཚོའི་ཐོག་སྡུག་རྩུབ་མནར་གཅོད་ཀྱི་ལས་དོན་སྤེལ་ཡོད་མིན་ཐད་ཞིབ་འཇུག་དགོས་སྐོར་བརྗོད་ཡོད་ཅིང༌། སྦར་མའི་གཞུང་གསར་པས་ཡུལ་གྱི་ནང་བཅོས་བསྒྱུར་བྱེད་རྒྱུ་ཡིན་ལུགས་བརྗོད་བཞིན་ཡོད་ཀྱང་། གསར་འགྱུར་རང་དབང་ཐད་དམ་དྲག་མུ་འཐུད་བྱེད་བཞིན་ཡོད་པ་རེད་ཅེས་དང་། གསར་འགྱུར་རང་དབང་གི་གནས་བབས་ཐོག་བཅོས་བསྒྱུར་བྱེད་པའི་ཁྲིམས་ཡིག་གཏན་འབེབས་བྱེད་ཚེ། དེས་སྦར་མའི་གཞུང་གི་མཚན་མཐོང་ཡར་རྒྱས་འབྱུང་རྒྱུར་ཕན་ཐོགས་ཡོང་གི་རེད། ལྷག་པར་དུ་གསར་འགྱུར་གང་བྱུང་བཀོད་མ་ཆོག་པའི་བཙན་གནོན་ཆེ་བའི་ཁྲིམས་ལུགས་དེ་ངེས་པར་མེད་པ་བཟོ་དགོས་ཀྱི་རེད་ཅེས་བརྗོད་འདུག།