ཆུ་བཞི་སྒང་དྲུག་ཅེས་པའི་བོད་ཀྱི་གློག་བརྙན་ཡོ་རོབ་ནེ་དྷར་ལེནཌིའི་རོ་ཊར་ཌེམ་ (Rotterdam) རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནང་ཚུད་འདུག
བཙན་བྱོལ་ནང་དབྱིན་སྐད་ཐོག་བཟོ་བསྐྲུན་བྱས་པའི་ཆུ་བཞི་སྒང་དྲུག་ཅེས་པའི་བོད་ཀྱི་གློག་བརྙན་དེ་བཞིན་གཞུང་འབྲེལ་གྱི་ཐོག་ནས་ཡོ་རོབ་ནེ་དྷར་ལེནཌི་ (Netherlands) གྱི་རོ་ཊར་ཌེམ་ (Rotterdam) གྲོང་ཁྱེར་གྱི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་༥༤ ནང་འདེམས་སྒྲུག་བྱས་པའི་ཁོངས་སུ་ཚུད་ཡོད་པ་དང་། ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༡ ཉིན་དངོས་སུ་མི་དམངས་ལ་གཟིགས་འབུལ་ཞུ་རྒྱུ་གཏན་འཁེལ་བྱུང་འདུག་ལ། སྐབས་དེར་སྦེལ་ཇིཡམ་ (Belgium) དང་། ཧྥ་རན་སི་ (France) སོགས་ནས་བོད་པ་མང་པོ་སྒོ་འབྱེད་ཉིན་གློག་བརྙན་འདི་བལྟ་བར་ཡོང་གི་ཡོད་པ་དང་། གློག་བརྙན་འདི་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་དགུང་གྲངས་ ༩༠ ཕེབས་པའི་༧སྐུའི་འཁྲུངས་སྐར་གྱི་གོ་སྟོན་ལ་ལེགས་སྐྱེས་སུ་ཕུལ་བ་ཡིན་ཞེས་ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་དེ་འཁྲབ་ཁྲིད་པ་ཁྱིམ་གསར་གཞན་ཕན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ད་དུང་ཁོང་གིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་འཐབ་རྒོལ་བ་རྣམས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་པའི་གལ་ཆེའི་ལོ་རྒྱུས་འདི་བོད་མི་ཚོས་ཐེངས་དང་པོར་གློག་བརྙན་བརྒྱུད་ནས་གསལ་སྟོན་བྱེད་ཀྱི་ཡོད་ལ། གལ་ཆེའི་ལོ་རྒྱུས་འདི་དྲིལ་བསྒྲགས་བྱེད་རྒྱུ་ནི་ང་ཚོ་ཚང་མའི་ལས་འགན་ཞིག་ཡིན་ཞིང་། བོད་དེ་བཞིན་རྒྱ་ནག་གཞུང་གིས་ཁྲིམས་འགལ་གྱིས་བཙན་བཟུང་བྱས་པའི་འོག་ཏུ་ཚུད་དེ། བཙན་ཤེད་ཀྱིས་རྒྱ་ནག་གི་ཆ་ཤས་ཤིག་ཏུ་བསྒྱུར་ཡོད་ཀྱང་བོད་མིའི་བསམ་བློའི་འཁྱེར་སོ་དང་། ཆོས་ཕྱོགས། སེམས་ཚོར་གྱི་ཆ་ནས་བཤད་ན། བོད་དེ་ནམ་ཡང་རྒྱ་ནག་གི་ཆ་ཤས་ཆགས་མྱོང་མེད་པ་མ་ཟད། རྒྱ་ནག་གི་ཆ་ཤས་ཤིག་ནམ་ཡང་ཆགས་ཀྱི་མ་རེད། ད་རེས་ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་དེ་རོ་ཊར་ཌེམ (Rotterdam) རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་བདམས་པའི་གནས་ཚུལ་འདི་ནི་ང་ཚོར་མཚོན་ན་གཟི་བརྗིད་ཅིག་ཡིན་པ་མ་ཟད། རོ་ཊར་ཌེམ (Rotterdam) རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་སྙིང་སྟོབས་དང་། དྲང་བདེན་གྱི་ཐག་གཅོད་གནང་པ་སོགས་ནི་རང་དབང་ཅན་གྱི་གློག་བརྙན་བཟོ་སྐྲུན་པ་ཚོར་རྒྱབ་སྐྱོར་བྱེད་པའི་རྩ་དོན་དང་ཁྱད་ཆོས་ཤིག་ཏུ་སྒྲུབ་ཡོད། ཅེས་ཁོང་གི་ངོ་དེབ་སྟེང་བྲིས་འདུག
དུས་ཡུན་ཆུ་ཚོད་གཉིས་ལྷག་ཅན་གྱི་གློག་བརྙན་དེ་བཞིན་ཨ་རིར་བཞུགས་མཁན་བོད་ཀྱི་ན་གཞོན་ཁྱིམ་གསར་གཞན་ཕན་ལགས་ཀྱིས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླང་དམག་གི་དངོས་འབྱུང་ལོ་རྒྱུས་གཞིར་བཞག་གི་ཐོག་ནས་འཁྲབ་ཁྲིད་བཟོ་འགོད་གནང་པ་ཞིག་ཡིན་པ་དང་། འདོན་བྱ་འཁྲབ་སྟོན་བྱེད་མཁན་ཁོངས་སུ་མང་ཆེ་བ་བཙན་བྱོལ་ནང་གི་བོད་མི་ཡིན་པ་རེད། གློག་བརྙན་དེ་ནི་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་གིས་བོད་ལ་བཙན་འཛུལ་བྱས་པའི་སྐབས་བོད་ཀྱི་གྲྭ་བཙུན་མང་པོ་དམར་གསོད་བཏང་པ་དང་། བཙན་གནོན་གྱི་བྱ་སྤྱོད་ལ་མ་བཟོད་པར་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་ལགས་ཀྱིས་བོད་མི་འཐབ་རྒོལ་བ་བསྡུས་ཏེ་རྒྱ་ནག་ལ་དྲག་རྒོལ་བྱས་པའི་དངོས་བྱུང་ལོ་རྒྱུས་ལས་གྲུབ་པའི་གློག་བརྙན་ཞིག་ཡིན་ཞིང་། ཁྱིམ་གསར་གཞན་ཕན་ལགས་ཀྱིས། གློག་བརྙན་འདི་བརྒྱུད་བཙན་བྱོལ་གྱི་གནས་སྟངས་དང་བོད་མིའི་དཀའ་སྡུག་རྣམས་གསལ་སྟོན་བྱས་ཡོད་ལ། ལོ་རྒྱུས་ལྡན་པའི་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་ཀྱིས་རྒྱ་ནག་ལ་དྲག་རྒོལ་གྱི་འཐབ་འཛིང་བྱས་པ་དང་བོད་མིའི་མངོན་འདོད་རྣམས་མངོན་པར་བྱས་པ་ཞིག་ཡིན་པ་རེད།།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།